སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་ཁྲེང་ཏུའུ་ནས་འཚོགས།

གསར་འགོད་པ། ཚེ་རིང་དབྱངས་ཅན་དང་མཚོ་ལྷ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། སྤེལ་དུས། 10-16


སྤྱི་ཟླ་10ཚེས་15ཉིན། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པར་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་དེ་ཁྲེང་ཏུའུ་ཧྥན་ཀྲོའུ་ཧྲང་ཕིན་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད།

ཐེངས་འདིའི་མཛད་སྒོ་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེར་རྙིང་བསྡུ་སྒྲིག་ཁང་གིས་གཙོ་སྒྲུབ་གནང་ཞིང་སི་ཁྲོན་དཔེ་རྙིང་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་ནས་སྤེལ་ཡོད།

མཛད་སྒོའི་ཐོག་མི་རིགས་ཆོས་ལུགས་ཅུས་དཔེ་རྙིང་གཞུང་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། གངས་ལྗོངས་ཉི་གཞོན། ཁམས་པའི་བརྙན་འཕྲིན་ཁང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཁང་བཅས་ཀྱི་འགོ་འཛིན་དང་འབྲེལ་ཡོད་མི་སྣ་ད་དུང་བོད་ཀྱི་རིག་གནས་ལས་རིགས་ཁག་གི་མཁས་དབང་སོགས་མི་བརྒྱ་ལྷག་ཞུགས་ཡོད།

ཐེངས་འདིའི་མཛད་སྒོའི་དམིགས་དོན་གཙོ་བོ་ནི་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་ངོ་བཅོ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་དང་འབྲེལ་ལོ་ངོ་ལྔ་བཅུའི་རིང་དཀའ་སྤྱོད་འབད་བརྩོན་ལས་གྲུབ་པའི་དཔེ་རྙིང་བསྡུ་སྒྲིག་ཐད་ཀྱི་གྲུབ་འབྲས་ལ་དཔྱད་དཔོག །མ་འོངས་པར་རིན་བྲལ་གྱི་རིག་གནས་བང་མཛོད་འདི་དག་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱེད་པའི་ཐད་མཁས་དབང་རྣམས་ཀྱི་དགོངས་འཆར་འདོན་རྒྱུ་སོགས་ཡིན་པ་རེད།

མཛད་སྒོའི་ཐོག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགོ་གཙོ་མཁན་འཇམ་བློ་ལགས་ཀྱིས་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ད་བར་གྱི་དཔེ་རྙིང་འཚོལ་བསྡུ་དང་ཞུ་དག །དཔེ་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་དེ་མིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་འགོ་གཙོ་བསོད་ནམས་ཚེ་བརྟན་སོགས་གཙོས་བྱས་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་འཚོལ་བསྡུའི་ཐབས་ལམ། བོད་ཡིག་དཔེ་རྙིང་རྩོམ་སྒྲིག་དང་པར་སྐྲུན་གྱི་གནས་བབ། གནའ་གཞུང་རྩ་ཆེན་འདི་དག་རྒྱུན་འཛིན་དར་སྤེལ་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་ཐད་ནས་གསུང་བཤད་དགོངས་འཆར་གང་ལེགས་གནང་བ་རེད། །

ཚོགས་འདུའི་ཐོག་མཁན་ཆེན་འཇམ་བློ་ལགས་ཀྱིས་དཔེ་རྙིང་བསྡུ་སྒྲིག་ཁང་གིས་ད་བར་དུ་དཔེ་རྙིང་པོ་ཏི་ཁྲི་གཅིག་ལྷག་འཚོལ་བསྡུ་ཐུབ་པ་དང་དཔེ་དེབ་སྟོང་གཅིག་ལྷག་དངོས་སུ་དཔེ་སྐྲུན་བྱས་ནས་དགོན་སྡེ་དང་སློབ་གྲྭ་དེ་མིན་བོད་ཀྱི་རིག་གནས་དང་འབྲེལ་བའི་ལས་ཁང་བཅས་སུ་ཁྱབ་ཐུབ་པར་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1