གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ཐ་ལ་ལ་མོ་ལ་ལིང་རེད། །
གླུ་ལེན་པ་གནམ་ཐེལ་མདུན་ནས་ལེན། །
དཀར་པོ་དགྲ་ལྷའི་དབུ་འཕང་བསྟོད། །
ངག་འགུགས་པ་བར་ཐེལ་མདུན་ནས་འགུགས། །
ལྷོ་འཛམ་གླིང་འདུག་ཇུས་བདེ་ལ་བཀོད། །
ཚིག་འཐུ་བ་ས་ཐེལ་མདུན་ནས་འཐུ། །
ཧོར་གླིང་ཇུས་སྡེ་མཐུད་པར་ཤོག །
ས་འདིའི་ས་ངོ་མ་ཤེས་ན། །
གཡག་ལ་སེར་པོའི་ཐུར་ལམ་རེད། །
ང་དང་ང་ངོ་མ་ཤེས་ན། །
ཨ་ཆེན་ཐང་བ་གྲུ་བཞི་ནས། །
ཁྲི་རྗེ་གུར་ནག་རྒྱལ་པོ་ལ། །
ཧོར་ནག་འབུམ་རྒོད་དཔུང་བ་སྲིད།
རུ་འདྲེན་ཐང་ནག་རྩེ་རྒྱལ་སྲིད། །
རུ་གནོན་གནམ་ལྕགས་འབུམ་ཐུབ་སྲིད། །
འཕྲུ་ནག་པོའི་སྙིང་བཅུད་མཐིང་རྒོད་རེད། །
རྔ་ནག་གྲིབ་མའི་འོག་ཤེད་ན། །
མཐིང་རྒོད་ང་འདྲ་གཅིག་ཀྱང་མེད། །
འཕྲུ་ནག་གྲིབ་སོ་བཀུག་འདྲ་འདི། །
མཐིང་རྒོད་ང་རང་ལས་དམག་ཡིན། །
འབུམ་ཤོག་དཔུང་བའི་གཞི་དཀྱིལ་ན། །
སྡིག་གཅོད་ཡོད་དེ་བློ་གཞི་ལྷོད། །
སྟོབས་ཆེན་ཡོད་དེ་སྙིང་སྡར་ཆེ། །
ཐང་རྩེ་ཡོད་དེ་མི་གཞི་འཇམ། །
མཆོང་ལྷ་ཡོད་དེ་བཀྲ་ལག་ཆེ། །
དཔའ་ཡང་དག་ཁྱུང་ནག་ང་ཙམ་ཡིན། །
གླིང་དཀར་ཁ་བའི་རི་རྒྱུད་ལ། །
དཔོན་ལུ་སེངྒེ་དཀར་མོ་བྱོན། །
གཡུ་རལ་རྒྱས་ངེས་ཞལ་དཀར་དཔོན། །
ཕེབས་བསམ་གང་ལ་འབྱོན་འདོད་ཡིན། །
བྱོན་བསམ་ཐུགས་ལ་ཅི་མཁོ་འཁྲུངས། །
ཁྲོ་བ་བཞེངས་དགོངས་པ་ལྷོད། །
གུར་ནག་མཐིང་རྒོད་ཁྱུང་ནག་ང་། །
མིང་བཏགས་མི་ཆུང་པཱ་དུར་ཡིན། །
དེ་བྱས་མི་ཆུས་རྟིང་མ་ལ། །
རོང་ཚ་དམར་ལེབ་ལག་ཉེས་ཕོག །
དེ་རིང་བསད་ཀྱང་ང་ལ་ཕོག །
རང་བྱས་རང་ལ་སྨིན་ལེ་རེད། །
དེ་མིན་འཕྲུ་ནག་ལྔ་བརྒྱ་པོ། །
ཞལ་དཀར་བྱོན་པའི་ལམ་སོ་ནས། །
ཐར་བ་ཐོབ་རྒྱུ་ག་ན་ཡོད། །
དེ་སྟེ་ལན་མེད་ཨ་འཕྲུ་རྣམས། །
རང་རང་སྲོག་ལ་སྙིང་ནས་གཅེས། །
འཆི་འདོད་ཡོད་པ་གཅིག་ཀྱང་མེད། །
མི་འགྲོ་གུར་དཀར་བཙན་གྱིས་དེད། །
དེ་ནས་ཞལ་ལུ་སྐུ་ཆེ་ལགས། །
དེ་རིང་ཉི་མའི་གདོང་གང་ལ། །
འཕྲུ་ནག་དམག་མི་ལྔ་བརྒྱ་པོ། །
མ་གསོད་ཞལ་དཀར་ཐུགས་རྗེས་ཟུངས། །
ཤར་གླིང་སྟོད་ལ་ཁྲིད་ནས་བྱོན། །
རྟ་འདོགས་ཁྱི་གསོ་ཨེ་ཉན་གཟིགས། །
ང་མཐིང་རྒོད་བསད་ཀྱང་འགྱོད་པ་མེད། །
མ་བསད་བཞག་ཀྱང་ཁྱེད་རང་ཤེས། །
དེ་སྔ་ཉི་མའི་ཕན་ཆད་ལ། །
གུར་དཀར་ཁྲི་བཙུན་མན་ཆད་ནས། །
གུར་སེར་རྒྱལ་པོ་ཚུན་ཆད་རྣམས། །
བསད་བསད་ཞལ་ལུའི་ཐུགས་ཀྱིས་མཁྱེན། །
གླིང་དཀར་ཇུས་ལ་མི་ཕན་དོ། །
དེ་བསད་ཕྱི་མར་རྣམ་སྨིན་ཆེ། །
ཐུགས་དགོངས་པ་མ་ཁྲོ་ཞི་ལ་བཀོད། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
དཔོན་སྐུ་སྣ་ཆེན་དགྲ་བོས་བསྟོད། །
རི་རྫ་གསེང་ཆེ་ན་རི་དྭགས་མང་། །
མཚོ་གཏིང་མཐའ་མེད་ན་ཉ་སྲམ་འཁོར། །
ས་དྲོ་བའི་སྟེང་ན་མགོ་ནག་འཁོར། །
དཔེ་དེ་དང་ཁྱད་པར་ག་ན་ཡོད། །
དགུང་སྔོན་ཡངས་པའི་འགྲིམ་ལམ་ན། །
དབང་ཅན་ཟླ་བའི་དཀྱིལ་འཁོར་བྱོན། །
སྐར་ཚོགས་འོད་ཀྱིས་བསྐོར་ཞིང་འགྲོ། །
བར་སྣང་ཡངས་པའི་འགྲིམ་ལམ་ན། །
དབང་ཅན་རླུང་ནག་མཁའ་ལ་འཕྱོ། །
ས་ཆུ་དྲོད་ལ་འགུགས་ཤིང་འབྱོན། །
དོག་མོ་ས་ཡི་འགྲིམ་ལམ་ན། །
དབང་ཅན་གཙང་ཆེན་སྔོན་མོ་འབབ། །
ལུང་ཆེན་སྣུམ་ལ་འགུགས་ཤིང་བྱོན། །
ཁྲི་རྒོད་དཔུང་བའི་དྭངས་རྩེ་ལ། །
དབང་ཅན་ཞལ་དཀར་དེ་རིང་བྱོན། །
འཕྲུ་ནག་གསོན་ལ་འགོད་ཅིང་བྱོན། །
ད་དུང་དེ་ཡིས་མི་ཚད་པའི། །
བླ་ཆེན་ཡུལ་ལ་ཕེབས་པའི་ཚེ། །
འགྲོ་དྲུག་ཆོས་ལ་འགོད་དོ་ཟེར། །
དཔོན་ཆེན་སྡེ་ལ་བྱོན་པ་ན། །
ཁམས་གསུམ་བདེ་ལ་འགོད་པས་ཟེར། །
ཐུགས་མཉམ་པར་ཞོགས་ལ་དགོངས་པ་ཐོངས། །
གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བ་སོང་ན་བཟོད་པར་བཞེས། །
དཔོན་ཞལ་ལུའི་ཐུགས་ལ་དེ་འདྲ་ཞོག །