རྨ་རྫ་འབྲུ་གསུམ་གྱི་འགོ་ཁུངས་ནི་གླིང་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཀྱི་འགོ་ཁུངས་དེ་ཡིན་ངེས། གཙང་གསུམ་ཆུ་བོའི་མགོ་མཇུག་འགྲམ་གསུམ་དུ་གེ་སར་དང་གླིང་སྒྲུང་བར་གྱི་གཏམ་རྒྱུད་མང་པོ་ཡོད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གཤིས་དང་། གཙང་པོ། མཚོ་དང་མཚེའུ། གངས་རི་དང་སྤང་ཐང་སོགས་རི་ཆུ་ཡུལ་ལུང་དང་།
བོད་མིའི་ཞྭ་ལུགས་གྱོན་ཆས་སོགས་ལ་གེ་སར་རིག་གནས་ཀྱི་དཀར་འོད་ཅིག་འཚེར་ཡོད་པ་ཤེས། གཙང་གསུམ་ཆུ་བོ་དང་ཁམས་པའི་རིག་གནས་བར་དུ་ཚེ་སྲོག་ལྟ་བུའི་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཆགས་ཡོད།
༡༽ རྒྱ་བཟའ་ལྷ་དཀར་སྒྲོལ་མ་སེང་བློན་གྱི་མནའ་མར་བསུས་ནས་རྒྱ་ཚ་ཨ་ཕྱུག་ཏུ་འཁྲུངས་ཚུལ།
འཁྲུངས་གླིང་པདྨའི་དགའ་ཚལ་ནང་འཁོད་པ་ལྟར་ན། ཕ་ཡབ་སེང་བློན་གྱིས་སྦྲ་ཆེན་སེར་པོ་གངས་དཀར་ཕུབ་ནས། རྒྱ་བཟའ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས་ཞེས་པ་དང་། ལྷ་གླིང་གབ་རྩེ་དགུ་སྐོར་ལས། སེང་བློན་དང་རྒྱ་བཟའ་གཉིས་ཀྱི་གཉེན་སྟོན་ཉི་མ་བདུན་གཅིག་བྱས་པ་ཁྲོ་ཐུང་གི་ཐུགས་ལ་མ་བབས་ནས། རྒྱ་མི་ཆེན་གྱི་གདུང་རྒྱུད་རྒྱ་བཟའ་ལྷ་དཀར་དེ་སེང་བློན་ལ་ཐོབ་ཤག་ཤག་དང་། ང་ལ་མེད་ཤག་ཤག་བྱས་ན་མི་འགྲིག་བཅས་བཤད་པས། ཁྲོ་ཐུང་དང་། སྤྱི་དཔོན། སེང་བློན་གསུམ་པོ་ཤོ་རྒྱན་བྱས་པས་སེང་བློན་ལ་ཐོབ། མ་རྒྱ་བཟའི་པང་དུ་བུ་རྒྱ་ཚ་འཁྲུངས། གླིང་ཕུ་མདའ་བར་གསུམ་གྱི་མི་རྣམས་བཙས་སྟོན་ལ་འོང་བ་དང་། འདན་མས“བློན་དམ་ཚིག་མི་འགྱུར་འདན་མ་ངར། དཔོན་རི་རྒྱལ་མི་འགྱུར་ཞལ་ལུ་དཀར་པོ་ཡོང་བ་ཤོག”ཅེས་སྨོན་ལམ་བཏབ་པས། རྒྱ་ཚ་ཞལ་དཀར་ཞེས་མིང་བཏགས་བཅས་པ་དང་། འཁྲུངས་གླིང་མེ་ཏོག་ར་བ་ལས། སེང་བློན་གྱིས་རྒྱ་བཟའ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་ཆུ་མོ་གླང་གི་ལོར་རྒྱལ་ཟླ་བའི་ཚེས་ལ་སྲས་འཁྲུངས་པའི་ཞལ་རས་ཟླ་བ་ལྟ་བུ། ཐུགས་སེམས་ནམ་མཁའ་ཡངས་པ། མཛད་སྤྱོད་ཆོས་ཀྱི་བྱ་བ། དགྲ་ལ་དུག་གི་ཚེར་མ། གཉེན་ལ་རྒྱ་དར་དཀར་པོ། དཔའ་ལ་རྒྱ་སྟག་ངར་མ། རྩལ་དྲུག་རྒྱ་ཁྲ་ཧོར་པ་ལྟ་བུ་ཞིག་བྱུང་བས། ནང་མི་རྣམས་ཀྱི་ཞལ་ལུ་ཉི་མ་རང་ཤར། ཕྱི་མི་རྣམས་ཀྱིས་འབུམ་པ་རྒྱ་ཚ་ཞལ་དཀར་དུ་མཚན་གསོལ་ཞེས་པ་དང་། འཁྲུངས་གླིང་པདྨའི་དགའ་ཚལ་ལས། “ས་བཟང་པོ་ལྕི་མདའི་དར་ཐང་ལ།། སྦྲ་ཆེན་སེར་པོ་གངས་དཀར་ཕུབ།། འབྲི་མོ་སུམ་བརྒྱ་ཐམ་པ་བསྡུས།། རྒྱ་བཟའ་ལྷ་དཀར་ཇ་མ་བྱས།། ནང་གཡོག་སུམ་ཅུ་ཐམ་པ་བཞག”ཅེས་པའི་ཚིག་ལ་གཞིགས་ན་རྒྱ་བཟའ་ལྷ་དཀར་སེང་བློན་ཁྱིམ་གྱི་མནའ་མ་ཡིན་པ་དང་། རྒྱ་ཚ་ཞལ་དཀར་ཡང་ས་བཟང་ལྕི་མདའི་དར་ཐང་དུ་སྐུ་འཁྲུངས་པ་སོགས་གསལ་པོར་ཤེས་ཐུབ། འཁྲུངས་གླིང་མེ་ཏོག་རྭ་བ་ལས། ཁུ་བོ་སྤྱི་དཔོན་གྱིས་དཔའ་རྒྱ་ཚའི་བཙས་སྟོན་མཛད་སྒོའི་སྐབས་སུ་གླུ་བླངས་པ་ལས།་ས་འདི་ས་ངོ་མ་ཤེས་ན།། སྐྱིད་སོས་ཡག་གི་ཁ་མདོ་རེད།། འདུ་ར་སྟག་ཐང་ཁྲ་མོ་རེད།། སྦྲ་ཆེན་གྲུ་བཞིའི་ནང་རོལ་ན།། ཞེས་སྐྱིད་སོས་ཡག་གི་ཁ་མདོ་རུ་སྒྲ་ཆེན་སེར་པོ་གངས་དཀར་ཕུབ་ནས། དེའི་ནང་དུ་གླུ་བྲོ་སོགས་ཉི་མ་བཅུ་གསུམ་ལ་བཙས་སྟོན་མཛད་པ་བཀོད་འདུག
༢༽ སེང་བློན་གྱི་མནའ་མ་ཕྱི་མ་འགོག་བཟའ་མོ་ཡོན་དུ་ཐོབ་ཚུལ།
འགོག་བཟའ་ནི་ཀླུ་མོ་ཡལ་ག་མཛེས་ལྡན་ཞེས་མི་རྒྱུད་ཀླུ་ནས་མཆེད་པའི་བུ་མོ་ཞིག་འགོག་ར་ལོ་སྟོན་པའི་ཕུག་ནོར་དུ་བཞག་ཡོད་པ་དེ་ཡིན་ལ། འཁྲུངས་གླིང་མེ་ཏོག་ར་བ་ལས། ཀླུ་གཙུག་ནའི་སྲས་མོ་དེ་དང་གཅིག ། ཀླུ་ཟོག་འབྲི་མོ་གཡང་རྭ་གཉིས།། ཀླུ་སྦྲ་མཐིང་ཤོག་གུང་དགུ་གསུམ།། ཀླུ་འབུམ་པོ་ཏི་བཅུ་གཉིས་བཞི།། མ་དྲོས་ཀླུ་ཡི་གཏེར་ཟོག་ཡིན།། ར་ལོ་སྟོན་པའི་ཕུག་ནོར་ཡིན།། ཞེས་པའི་ཀླུ་ཟོག་དང་ཀླུ་འབུམ་དེ་དག་ཡིན་ལ། འགོག་གླིང་འཁྲུག་པ་ཤོར་དུས་འགོག་ར་ལོ་ཚང་གླིང་དམག་ལ་བྲོས་སྐབས། ཀླུ་ཟོག་གིས་ཀླུ་ནོར་རྣམས་ཁུར་ནས་ཕྱིར་ལམ་དུ་ཤོར་དུས། ས་རྨ་ཁོག་ནས་འབྲི་རྗེས་དེད་པའི་བུ་མོ་དེ་འགོག་ཡུལ་དར་གྱི་ལུང་མདོ་ནས་གླིང་དམག་དང་འཕྲད་ནས། སེང་བློན་ལ་མོ་ཡོན་དུ་ཐོབ་པའི་མནའ་མ་ཕྱི་མ་དེ་འང་ཡིན། གླིང་པ་རྣམས་ཀྱིས་འགོག་ཚང་གི་ཤུལ་ནས་ཐོབ་པའི་མནའ་མ་ཡིན་པས། འགོག་བཟའ་དང་། འགོག་མོ་ཞེས་འབོད་སྲོལ་ཆགས་པ་རེད།
ཇོ་རུ་སྐུ་འཁྲུངས་དུས་ཕྲུ་མ་སྦས་སའི་རྡོ་མཁར།
༣༽ འགོག་བཟའ་ཁྱིམ་དུ་བསུ་བར་རྒྱ་བཟའ་ཡི་བློ་ལ་མ་བབ་པས་ཁྱིམ་ཐབ་གཉིས་སུ་གྱེས་པ།
འགོག་བཟའ་ཁྱིམ་ལ་ཐོན་དུས་རྒྱ་བཟས་ཕྲག་དོག་བྱས་ནས་འགོག་བཟའ་དང་མཉམ་དུ་ཁྱིམ་གཅིག་ཏུ་འདུག་མི་ཐུབ་པ་ཐག་གིས་བཅད། རྒྱ་བཟའ་རང་གི་བློས་ཇི་ཐོང་ཞིག་སྦྱིན་དགོས་བསམས་པ་ལྟར། རྒོད་མ་གཅིག་དང་། མཛོ་མོ་གཅིག འབྲི་གཅིག ལུག་མ་མོ་གཅིག་བཅས་བྱིན་པ་ལ་གཡང་ར་བ་སྒོ་བཞི་ཞེས་བཏགས་སྟེ། དེའི་ཁར་ཀླུ་ཟོག་འབྲི་མོས་མ་འགོག་མོ་རང་མ་གཏོགས་འོ་མ་མི་སྟེར་བས་དེ་མོ་རང་ལ་དབང་བ་བྱས་རྗེས་རྒྱ་བཟའ་ཚང་གི་སྦྲའི་ལྟག་འོག་ལས་གཞན་དུ་མི་འགྲོ་རྒྱུ་བྱས། སེང་བློན་གྱིས་སྦྲ་ཆུང་ཞིག་དྲུབས་ཡོད་པ་དེ་ཕུབ་ནས་རྒྱ་བཟའི་སྦྲའི་ལྟག་ཁ་ན་ཟླ་ཁ་ཤས་བསྡད་ཡོད་སྟབས། རྒྱ་ཚས་ཨ་མ་ལ། བུ་མོ་འདི་ཅི་འདྲ་ཡིན་ཡང་ང་རང་གནང་གི་དང་པོ་ཡིན་པས་ཕྱིར་ལ་བཏང་བ་རྟེན་འབྲེལ་མ་ལེགས་གསུངས་པས། རྒྱ་བཟས“སྨུག་སྦྲིག་སེ་བསེ་རུའི་རྭ་ལྟ་བ་ཞིག་བྱས་ཏེ།། རྒྱ་བཟའི་སྦྲས་ལྟ་ཁ་ན་ཡོད”ཅེས་བཤད་པས། སྦྲ་ཆུང་དེ་ལ་སྦྲིག་ཚེ་བསེ་རུ་ལྟག་ཁ་མ་ཞེས་རྒྱ་བཟས་མིང་ལོག་ཏུ་བཏགས་པ་ཡིན་ཞེས་འཁྲུངས་གླིང་མེ་ཏོག་རྭ་བའི་ནང་དུ་འཁོད་འདུག ནུབ་གཅིག་རྨི་ལམ་དུ་བྲག་སྦལ་བ་འདྲ་བ་འདིའི་མདུན་དུ་སྡོད་དང་གསུངས་བ་རྨིས་ཡོང་བ་དེ་ཁྱོ་བོ་སེང་བློན་ལ་བཤད་པས། སེང་བློན་གྱིས་སྦྲ་ཆུང་འདི་འོག་གད་ཁྲིས་སུ་བཞག་པ་ལས། སྦྲའི་ (སྦྲ་ཆེན་སེར་པོ་གངས་དཀར་གྱི)གོང་དུ་ཅུང་མི་དགའ་གསུངས་ནས་གད་ཁྲིས་བྲག་སྦལ་བ་འདྲ་བའི་མདུན། ཀླུ་གཙུག་ནའི་ཆུ་མིག་ནག་རིང་ཞེས་པའི་ཆུ་མིག་གི་འགྲམ་དེར་བཞག་གོ འཁྲུངས་གླིང་མེ་ཏོག་ར་བ་ལས། “ས་འདི་སྐྱིད་སོས་ཡག་གི་མདོ།། ཆུ་གཉིས་ཆབ་མ་བརྡབས་འདྲ་ཡོད།། བྲག་གཉིས་མདའ་སྒྲོ་གཤིབས་འདྲ་ཡོད།། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད།། བྲག་སྦལ་བ་འདྲ་བའི་རྩ་བ་རེད།། ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད”ཅེས་གསུངས་པ་བཞིན་རྟགས་དང་རྟེན་འབྲེལ་བཟང་བའི་ཉིན་ཞིག་ལ། སྐྱིད་ཁོག་དང་། སོས་ཁོག ཡག་ཁོག་གསུམ་གྱི་མདོ་ཞེས་དེང་གི་ཨ་ཕྱུག་གེ་སར་ལྷ་ཁང་བཞེངས་ཡོད་པའི་གནས་བྲག་སྦལ་བ་འདྲ་བའི་རྩ་བ་རུ་བུ་ཇོ་རུ་འཁྲུངས་པས། སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་དང་། ཆུང་བ་ཇོ་རུ་གཉིས་པོ་རྒྱ་བཟའ་དང་འགོག་བཟའ་གཉིས་ལ་བུ་རེ་རེ་སྐྱེས་ནས་ཨ་ཕྱུག་རྩྭ་ཐང་དུ་ཁོང་བཟའ་མི་ཚོ་ཡུན་རིང་ལྕི་ཁོག་དང་སོས་ཁོག་ཡག་ཁོག་སོགས་སུ་འབྲོག་པའི་འཚོ་བ་སྤྱོད་ནས་བསྡད་ཡོད་ཚོད་འདུག འཁྲུངས་གླིང་སོགས་སྒྲུང་ཡིག་ཁག་གི་ནང་དུ་འཁོད་ཡོད་པའི་ས་མིང་ནི། རྫ་འབྲི་ཆུ་ཡི་བར་ཁམས་དང་། མདོ་ཁམས་ས་ཡི་ལྟེ་བ། སྐྱིད་སོས་ཡག་གི་ཁ་མདོ། ལྕི་སོས་ཡག་གི་མདོ་སོགས་འཁོད་ཡོད་པ་ལས། དེང་གི་ས་མིང་བཞིན་བྱང་པ་ཁག་གསུམ་དང་། ཨ་ཕྱུག་རྩྭ་ཐང་ཟེར་བའི་ཐ་སྙད་འདི་དག་མཐོང་དཀོན་པས་མིང་འདི་དག་ཕྱིས་སུ་བཏགས་པ་ཞིག་ཡིན་པ་ཤེས་ཐུབ།
རྒྱ་བཟའི་སྦྲ་ཆེན་གངས་དཀར་ཕུབ་ཤུལ།
ཨ་ཕྱུག་ས་ཆ་ནི་ཇོ་རུ་འཁྲུངས་ཡུལ་འཁྲུལ་མེད་ཡིན་པ་དང་། རི་ཆུ་ཡུལ་ལུང་གི་མིང་ཙམ་ཡང་མ་འགྱུར་བ་གླིང་སྒྲུང་གི་ཐ་སྙད་དག་དང་ངོ་འཕྲོད་པོར་མཇལ་རྒྱུ་ཡོད་པ་མ་ཚད། ཁོང་བུ་སྤུན་གཉིས་པོ་ཨ་ཕྱུག་རྩྭ་ཐང་དུ་འབྲི་མོའི་ངུར་སྒྲ་དང་། གཡང་དཀར་ལུ་གུའི་འབར་སྦྲའི་ཁྲོད་དུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཕ་ཡབ་གཅིག་ཀྱང་མ་ཡུམ་རྒྱ་བཟའ་དང་འགོག་བཟའ་ཞེས་ཁྱིམ་ཐབ་མི་གཅིག་པའི་དུད་ཁྱིམ་གཉིས་སུ་སོ་སོར་སྐུ་བལྟམས་ཡོད་ཚོད་འདུག
འཁྲུངས་གླིང་ལས། དེ་སྟེ་འཁྲུངས་པའི་ས་འདི་ཡིན།། ད་ཆགས་པའི་ས་དེ་རྨ་ཁོག་ཡིན།། ཟེར་བ་བཞིན་ཇོ་རུ་དགུང་ལོ་བདུན་ལ་མ་སོན་ཙམ་ནས་སྟག་རོང་གི་རྔོན་པ་མི་བདུན་བསད་པའི་ངན་ཁག་ཕོག་སྟེ་ཇོ་རུ་མ་བུ་རྒྱང་ཕུད་བཏང་ནས་རྫ་ཆུ་སྔོན་མོའི་ཁུག་པ་དེད་དེ་རྨ་ཡུལ་དུ་བཏང་བ་ནས་རྨ་ཡུལ་དུ་གནས་བཅས་པ་དང་།རྒྱ་ཚས་འབྲི་ཀླུང་འཁྱིལ་མའི་ཁུག་པ་དེད་དེ། ལྕགས་རའི་དངུལ་ཆུ་ཁྲོ་རྫོང་བཞེངས་པ་ནས་དེང་གི་མདོ་ཁམས་སྡེ་དགེའི་ཡུལ་དུ་གནས་སྡོད་བྱས་ཡོད་པ་འདྲ། ཨ་ཕྱུག་དང་རྫོགས་ཆེན་སོགས་ནི་དཔའ་རྒྱ་ཚའི་འབྲོག་པ་ཡིན་ཞེས་ཟེར་སྲོལ་དེའང་དོན་དང་མཐུན་པའི་གཏམ་ཞིག་ཅི་ལ་མིན། དམྱལ་གླིང་རྫོགས་པ་ཆེན་པོའི་མཁར་མི་འགྱུར་དངུལ་ཆུའི་ཁྲོ་རྫོང་གི་ས་དཔྱད་ལས། ཕུ་གསུམ་དཀར་ཡག་གངས་ཀྱི་རི།། གངས་ལ་སེང་གེ་འཁོར་བའི་རི།། ཞེས་པ་དེ་ནི་དེང་གི་ཟིལ་ཁྲོམ་གངས་རི་ཡིན་ཞེས་ཟེར་སྲོལ་ཡོད་པ་དེ་འང་དོན་དང་མཐུན་པ་ཞིག་སྟེ། ཁམས་སྡེ་དགེའི་ལུང་པའི་ཕུ་ནི་ཟིལ་ཁྲོམ་གངས་རི་ཡིན་པ་མ་ཚད། ཟིལ་ཁྲོམ་གངས་རིའི་དབུ་རྩེ་ནས་འབབ་པའི་ཟིལ་ཆུ་དང་། ཁྲོ་ལའི་རི་རྒྱུད་ནས་འབབ་པའི་ཁྲོ་ཆུ་གཉིས་པོ་གངས་རིའི་དབུ་རྩེ་དང་ཁྲོ་ལའི་རི་ཞོལ་ནས་བབསཏེ་སྡེ་དགེ་རྫོང་ཐོག་ནས་དངུལ་ཕུའི་དངུལ་ཆུ་དང་འདྲེས་ནས་ལྕགས་རའི་དངུལ་ཆུ་ཁྲོ་རྫོང་གི་མདུན་ནས་བཞུད་དེ་དར་བབས་འབྲི་ཀླུང་འཁྱིལ་མའི་ནང་དུ་འདྲེས་ནས་ཡོད། ཆུ་དེ་ཟིལ་ཁྲོམ་གངས་རིའི་ཕུ་ནས་བབས་པས། ཆུ་དེའི་མིང་ལ་ཟིལ་ཆུ་ཞེས་འབོད་སྲོལ་ཡོད་པ་ཡོངས་གྲགས་རེད། ཆུ་བོ་ཐུར་དུ་འབབ་པའི་ཕུ་ན་གངས་རི་ཡོད་སྟབས། ཕུ་གསུམ་དཀར་ཡག་གངས་གྱི་རི་ཞེས་དང་། རི་འདབས་ཆུ་སྣ་འདུས་ནས་ལོ་ལེགས་འཁྲུངས་སའི་ཞིང་ས་ཡིན་པས། འདབས་གསུམ་ཆུ་མ་ཞིང་གི་རི།། ཞིང་ལ་འབྲུ་དྲུག་སྨིན་པའི་རི།། ཞེས་གསུངས་པ་བཞིན། ཟིལ་ཁྲོམ་གངས་རིའི་ལྷོ་རྒྱུད་དང་དེའི་ཉེ་འཁོར་དུ་ཆགས་པའི་ཞིང་སྡེ་འདི་ཚོ། འདབས་གསུམ་ཆུ་མ་ཞིང་གི་རི་ལོས་ཡིན་བསམ་པ་ཞིག་ཡོད། རྨ་ས་བཟུང་དར་དཀར་མདུད་པ་ལས་རྒྱ་ཚ་རྨ་ཡུལ་དུ་སོང་བའི་ལོ་རྒྱུས་ཤིག་འཁོད་ཡོད་ཀྱང་། ཇོ་རུས་རྨ་ས་བགོས་ཀྱི་གླུ་བླངས་པ་ལས། འབུམ་པའི་དངུལ་ཆུ་ཁྲོ་རྫོང་དང་།། སྤྱི་དཔོན་ཁྲ་མཁར་གནམ་རྫོང་དང་།། ཨ་ཁུའི་བེའུ་སྟག་རྫོང་སོགས།། ཕྱི་བདག༼ བལྡག༽ ནང་ནས་མ་བོར་དགོས་ཟེར་བ་དང་། རྨ་ས་བཟུང་གི་མཇུག་ཏུ་འབུམ་པ་ཞལ་དཀར་གྱི་གདུང་རྒྱུད་བར་མ་ཆད་པ་མདོ་ཁམས་གླིང་དཀར་རྒྱལ་ཁབ་ཏུ་ཡབ་མེས་ཀྱི་སྐུ་རིང་སྔར་བཞུགས་ཞེས་པ་སོགས་ལ་གཞིགས་ན་རྒྱ་ཚ་རྨ་ཡུལ་དུ་ས་གཡར་འགྲོ་བ་དང་། ས་བགོས་བྱས་པ་བདེན་ཀྱང་། ཁོང་ནི་མདོ་ཁམས་གླིང་ཡུལ་ཞེས་པ་དེང་གི་སྡེ་དགེའི་མངའ་ཁོངས་སུ་དཔོན་ས་བཟུང་ནས་དངུལ་ཆུ་ཁྲོ་རྫོང་གི་ཕྱི་བདག་ནང་ནས་མ་བོར་བ་བྱས་ནས་བཞུགས་ཡོད་པ་འདྲ།