དཔྱད་རྩོམ་ཉོ་ཚོང་གི་སྣང་ཚུལ་ནི་ལོ་ཁ་ཤས་སྔོན་ནས་བཟུང་ཛ་དྲག་ཤིན་ཏུ་ཆེ། སྔོན་གྱི་སྙན་ཞུ་ལས་གསལ་དོན། ཀྲུང་གོའི་དཔྱད་རྩོམ་ཉོ་འཚོང་གི་གཞི་རྒྱ་ནི་སྒོར་མོ་དུང་ཕྱུར་10ལ་སླེབས་ཡོད། ཡིན་ནའང་གསར་འགོད་པས་ཉེ་ཆར་ཤེས་རྟོགས་བྱུང་བ་ལས། དཔྱད་རྩོམ་ཉོ་ཚོང་གི་བེད་སྤྱོད་རིན་ཐང་ནི་གོ་གནས་འཕར་བ་དང་སློབ་གནས་ལེན་རྒྱུ་ལས་གཞན། སློབ་ཆེན་པའི་ཡིག་ཚད་ཁྲོད་དུ་རྒྱ་བསྐྱེད་འདུག པེ་ཅིང་ན་གཞོན་ཚགས་པར་གྱི་གསར་འགོད་པས་བརྟག་དཔྱད་བརྒྱུད་རྒྱུས་ལོན་ཐུབ་རྒྱུར། སློབ་གྲྭ་ཆེན་མོ་ཕལ་མོ་ཆེར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ནི་དཔྱད་རྩོམ་དང་འབྲེལ་བ་ཡོད་པ་མ་ཟད། མཐར་ཕྱིན་སློབ་མ་རྣམས་ཞིབ་འཇུག་སློབ་མར་ཡིག་ཚད་སྤྲོད་མི་དགོས་པར་ཞུགས་པ་དང་ཕྱི་རྒྱལ་དུ་སློབ་གཉེར་བྱེད་དུ་འགྲོ་བ་སོགས་ཀྱི་སྐབས་ལ། དཔྱད་རྩོམ་ནི་དེ་དག་དུ་ཞུགས་པར་སྒོ་ཟྭ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་འདུག མ་གཞིར་སློབ་མའི་རིག་གཞུང་ཞིབ་འཇུག་ལ་སྐུལ་མ་བྱེད་པའི་སྲིད་ཇུས་དག་ནི་མཚམས་སྦྱོར་མཁན་གྱི་སྒོར་མོ་ལེན་པའི་ལག་ཆར་གྱུར། ཡིག་འབྲུ་5000ཡས་མས་ཀྱི་དཔྱད་རྩོམ་ཞིག་ལ། སྤུས་ཀའི་ཐད་ནས་བཟང་ངན་གང་ཞིག་ཡིན་རུང་མཚམས་སྦྱོར་མཁན་གྱིས་ཁ་གྲགས་པ་ནས་སྒོར་མོ་བརྒྱ་ཕྲག་འགའ་ནས་སྟོང་ཕྲག་འགར་ཉེ་བའི་པར་ངོས་ཀྱི་རིན་གོང་དགོས། ཤུགས་རྐྱེན་ཆེས་ཆེར་ལྡན་པའི་དུས་དེབ་གཙོ་གྲས་ཀྱི་དཔྱད་རྩོམ་ཞིག་ལ་ཐོག་མའི་རིན་གོང་ནི་སྒོར་མོ་ཁྲི་2 དགོས། སྒོར་མོ་བཏང་ནས་དཔྱད་རྩོམ་ཞིག་སྤེལ་ན། སློབ་སྐར་2ཐོབ་ཐུབ།
དཔྱད་རྩོམ་ཉོ་ཚོང་དང་ཚབ་མར་འབྲི་བ་ནི་སློབ་གྲྭ་ཆེན་མོར་མཚོན་ན་སྔ་མོ་ནས་གསང་བ་ཞིག་མིན། སྒོར་མོའི་ཡོང་འབབ་མེད་པའི་སློབ་མ་རྣམས་ཀྱིས་སྒོར་མོ་བཏང་ནས་རིག་གཞུང་ཞིབ་འཇུག་བྱེད་པས། འདི་ལྟར་འཕར་པའི་ཞིབ་འཇུག་སློབ་མ་དང་རིག་གཞུང་དཔྱད་རྩོམ་གྱི་བྲོ་བ་ཡལ་ཡོད་པ་ནི་སྨྲས་མ་དགོས།
211དང་985ཅན་གྱི་སློབ་ཆེན་ཁ་ཤས་སུ་འདི་འདྲའི་སྣང་ཚུལ་མང་པོ་བྱུང་འདུག ཡིག་ཚད་གཏོང་མི་དགོས་པར་ཞིབ་འཇུག་ཏུ་ཞུགས་པའི་ཆེད་དུ་སློབ་མ་ཁ་ཤས་ཀྱིས་ལོ་རིམ་དང་པོ་ཡིན་དུས་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། མི་གཞན་པར་ཤེས་སུ་མི་འཇུག ལོ་བཞིའི་རྒྱུན་ལྡན་གྱི་སྐར་གྲངས་ནི་བརྒྱ་ཆའི་80ནས་བརྒྱ་ཆའི་95བསྡུར་ཚད་གྱིས་བརྩིས་ན་སློབ་མ་ཕལ་མོ་ཆེའི་སྐར་གྲངས་ལ་བར་ཁྱད་ཆེན་མོ་མེད། ཡོད་པའང་སྐར་མ་གཅིག་གམ་སྐར་ཆུང་ཁ་ཤས་ཙམ་ཡིན། འདི་ལྟར་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་དགོས་མིན་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན་དཔྱད་རྩོམ་རེ་གཉིས་ཡོད་ན་གནད་འགག་གི་སྐབས་སུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ། རྒྱུས་ལོན་བྱས་ནས་ཤེས་གསལ། སློབ་གྲྭ་སོ་སོའི་སློབ་གླིང་ཁག་གི་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་མི་དགོས་པར་ཞུགས་ཆོག་པའི་དབང་ཆ་གཏན་ཁེལ་བྱེད་ཚུལ་ལ་མི་མཐུན་ས་ཁ་ཤས་ཡོད། ཡིན་ནའང་དཔྱད་རྩོམ་སྤེལ་བའི་རིག་གཞུང་ཞིབ་འཇུག་གི་ཕྱོགས་ལ་དམིགས་བསལ་གྱི་ཆ་ཅུང་ཟད་ཅིག་ཀུན་ལ་ཡོད། རྒྱུན་ལྡན་དུ་དུས་དེབ་གཙོ་གྲས་ཤིག་ཏུ་དཔྱད་རྩོམ་སྤེལ་ཐུབ་པ་བྱུང་ན་སློབ་སྐར་2ཡོད། དེ་མིན་སྤྱིར་བཏང་གི་དུས་དེབ་སྟེང་དུ་དཔྱད་རྩོམ་སྤེལ་ཡོད་ནའང་སློབ་སྐར་སྐར་ཆུང་1ནས་3བར་ཚད་མི་འདྲ་བའི་སྐར་མ་སྣོན་སྲོལ་ཡོད། དཔྱད་རྩོམ་གཅིག་གིས་སྒོར་མོ་ཁྲི་ལྷག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ལེན་ཐུབ།
སློབ་མ་ཚོས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རེ་ཞུ་བྱེད་པའི་སྐབས་སུ། ཚན་རིག་ཞིབ་འཇུག་གི་འབྲས་བུ་ཞེས་པའི་ཁ་སྐོང་དེས་རྟག་ཏུ་མགོ་ན་རུ་འཇུག ཤེས་རམས་པའི་སྐབས་སུ་ཆུ་ཚད་ངེས་ཅན་ཡོད་པའི་དཔྱད་རྩོམ་གཅིག་སྤེལ་བ་ནི་ཡར་ཐོན་ལ་འབད་པའི་སློབ་མ་རྣམས་ཀྱི་རྒྱུན་གོམས་ཀྱི་འཆར་གཞི་ཡིན། གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་གསལ། དངོས་གཞི་སློབ་མས་དཔྱད་རྩོམ་ཉོ་བའི་རྒྱུ་མཚན་གཙོ་བོ་ནི་ཡིག་ཚད་གཏོང་མི་དགོས་པར་ཞིབ་འཇུག་སློབ་མར་ཞུགས་པའི་ཆེད་དུའམ་ཕྱི་རྒྱལ་དུ་སློབ་གཉེར་ལ་འགྲོ་བའི་ཆེད་དུ་ཡིན། ཞིབ་འཇུག་སློབ་མས་སྒོར་མོ་བཏང་ཏེ་དཔྱད་རྩོམ་ཉོ་བའི་རྒྱུ་མཚན་གཙོ་བོ་ནི། ལ་ལ་ནི་སློབ་གྲྭའི་གཏན་ཁེལ་གྱི་ཚད་གཞིར་ལོན་པའི་ཕྱིར་དང་ལ་ལ་ནི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལེན་པའི་ཆེད་དུ་རེད།
ལྷག་པར་དུ་2014ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་། རྒྱལ་ཁབ་ཀྱི་སློབ་སྡུད་འཆར་གཞིའི་ཁྲོད་དུ་ཞིབ་འཇུག་སློབ་མར་གསར་དུ་ཞུགས་མཁན་ཀུན་གྱིས་སློབ་ཡོན་སྤྲོད་དགོས་པ་གཏན་ཁེལ་བྱས་ཡོད་པས། དེར་བརྟེན་ཆེད་ལས་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ནི་ཞིབ་འཇུག་སློབ་མས་བརྩོན་ལེན་བྱེད་ཡུལ་གཙོ་བོ་དེར་གྱུར། དེ་ལྟར་རིག་གཞུང་ཞིབ་འཇུག་གི་ནུས་པ་ཞན་པ་དེ་ཚོས་ཀྱང་སྒོར་མོ་གཏོང་ཐུབ་ན་དཔྱད་རྩོམ་སྔར་བཞིན་སྤེལ་ཐུབ།
དཔྱད་རྩོམ་གཅིག་གིས་སྒོར་མོ་སྟོང་ཕྲག་ཁ་ཤས་དང་ཐ་ན་ཁྲི་ལྷག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་ཐུབ་པ་མ་ཟད། རང་ཉིད་ཀྱི་ངོ་སྤྲོད་ཡི་གེར་ཡང་འབྲི་ཆོག དེ་མིན་བྱ་བ་བཙལ་བ་དང་འབུམ་རམས་པར་ཡིག་ཚད་སྤྲོད་པ་སོགས་ལ་ཕན་པ་ཡོད། གལ་སྲིད་ཁྱོད་ཀྱིས་དཔྱད་རྩོམ་མི་ཉོ་ན་གཞན་གྱིས་ཉོ་སྲིད་པས། འདི་ནི་འགྲན་རྩོད་ཀྱི་སྣང་ཚུལ་ཞིག་ཏུ་ཆགས་ཡོད་ཅེས་སློབ་མ་ཞིག་གིས་བཤད། ཁ་རྒྱུགས་སྤྲོད་པའི་སྐབས་སུ་དགེ་རྒན་གྱིས་སློབ་མ་རྣམས་ལ་དཔྱད་རྩོམ་གྱི་རིན་གོང་འདྲི་བ།
དཔྱད་རྩོམ་འབྲི་བར་རྩ་དོན་ཡོད་མེད་དང་སྤུས་ཚད་ཡོད་མེད་སྐོར་ལ་བཅར་འདྲི་བྱས་པའི་སློབ་མ་ཁ་ཤས་ཀྱིས། སློབ་གྲྭས་དེ་འབྲེལ་གྱི་ཞིབ་བཤེར་བརྒྱུད་རིམ་གཏན་ཁེལ་བྱས་མེད། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རེ་ཞུ་བྱེད་པའི་རེའུ་མིག་ཏུ་དུས་དེབ་ཀྱི་ཨང་གྲངས་དང་མིང་། ཤོག་གྲངས་སོགས་བཀོད་དེ། དཔྱད་རྩོམ་པར་མ་ཡར་སྤྲད་པས་ཆོག སྒོར་མོ་བཏང་ནས་དཔྱད་རྩོམ་གྱི་པར་ངོས་ཉོ་བ་ནི་རྒྱུན་ལྡན་ཞིག་རེད་ཅེས་ཟེར།
དེ་སྔོན་ཡིག་ཚད་གཏོང་མི་དགོས་པར་ཞིབ་འཇུག་སློབ་མར་ཞུགས་པའི"སློབ་མ་རབས་མང་པོར་ཁ་རྒྱུགས་བླངས་མྱོང་བའི་དགེ་རྒན་ཞིག་གིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་དགེ་རྒན་ཞིག་གིས་སློབ་མ་ཚོར་ཁ་རྒྱུགས་ལེན་པའི་སྐབས་སུ། ཁྱོད་ཀྱིས་རིམ་པ་གསུམ་པའི་དགེ་འོས་སློབ་གྲྭའི་དུས་དེབ་དུ་དཔྱད་རྩོམ་ག་ཚོད་སྤེལ་བ་ཡིན་ཞེས་དྲིས་པར། སློབ་མ་དེའི་གདོང་དམར་པོར་གྱུར་ཏེ་སྒོར་མོ་500བཏང་བ་ཡིན་ཟེར།
དགེ་རྒན་ཁོང་གི་ལྟ་ཚུལ་ཡིན་ན། དངོས་གཞིའི་སྐབས་ནི་རྨང་གཞི་བཏིང་བའི་སྐབས་ཡིན་པ་དང་། དཔྱད་རྩོམ་སྤེལ་རྒྱུར་བྲེལ་བའི་སློབ་མ་ལས་མང་ཆེ་བ་ནི་པར་ངོས་ཉོས་ནས་ཡོང་བ་ཤ་སྟག་རེད། སློབ་གྲྭ་ཆེན་མོར་སྔ་མོ་ནས་སློབ་མའི་རིག་གཞུང་ཞིབ་འཇུག་དང་ཚན་རིག་བརྟག་དཔྱད་སྐོར་ལ་བྱ་དགའ་གནང་བའི་སྲིད་ཇུས་ཡོད། འདི་ནི་ཞིབ་འཇུག་ལ་སྐུལ་མ་བྱེད་པ་ལས་ཁེ་སྤོགས་གཉེར་བའི་ཆེད་དུ་མིན།
སློབ་མ་ལ་ལ་འདི་ལྟར་སྲིད་ཇུས་ཀྱི་བར་གསེང་ལ་འཛུལ། འདི་ལྟར་བྱོན་པའི་དཔྱད་རྩོམ་ལ་རིན་ཐང་ཅན་ཞིག་གང་ན་ཡོད། "སློབ་མ་ཚོས་པར་ངོས་ཉོ་བ་ལ་བརྟེན་ནས་རིག་གཞུང་གི་གད་སྙིགས་བསྐྲུན། ང་ཚོར་མིག་སྔར་ད་དུང་ཕྱོགས་མཚུངས་དང་ཚན་རིག་གི་དཔྱད་རྩོམ་བརྟག་དཔྱད་སྒྲིག་སྲོལ་ཞིག་མེད། འདི་ནི་སྟོང་ཆ་ཞིག་རེད། དཔྱད་རྩོམ་ཁོ་ནས་དཔའ་རྟགས་མཚོན་མི་རུང་ཟེར།
བརྟག་དཔྱད། དུས་དེབ་གཙོ་བོའི་པར་ངོས་ཀྱི་ཐོག་མའི་རིན་གོང་ནི་ཁྲི 2 ཡིན།
དཔྱད་རྩོམ་ཉོ་འཚོང་གི་ཁྲོམ་རའི་གནས་ཚུལ་གསལ་ཐག་ཆོད་པ་ཞིག་རྒྱུས་ལོན་བྱེད་ཆེད། པེ་ཅིང་ན་གཞོན་ཚགས་པར་གྱི་གསར་འགོད་པས"ཐའོ་པོ"སྟེང་དུ"དཔྱད་རྩོམ་ཚབ་སྤེལ"ཞེས་པ་བཏགས་རྗེས། འཚོལ་བཤེར་འབྲས་བུ 11700 ལྷག་བྱུང་། དཔྱད་རྩོམ་ཕལ་ཆེ་བའི་མཚམས་སྦྱོར་ནི" གསོ་རིག་སྨན་རྫས"དང་"སློབ་གསོ།" "དཔལ་འབྱོར།" "ཚན་རྩལ།" "འཛུགས་སྐྲུན།" "རྩིས་འཁོར།" "སྤྱི་ཚོགས་ཚན་རིག"སོགས་ཀྱི་ཆེད་ལས་ཁྱབ་ཁོངས་སུ་བགོས་ཡོད། ཆེད་ལས་ཁྱབ་ཁོངས་རེ་རེས་མཉམ་འབྲེལ་དུས་དེབ་བཅུ་ལྷག་བགྲངས་འདུག ཚོང་བདག་ལ་ལས་དཔྱད་རྩོམ་སྤེལ་བའི་དུས་ཚོད་ཀྱང་བཀོད་ཡོད། "དཔྱད་རྩོམ་བརྒྱ་ཆའི 100 སྤེལ་ཐུབ་པ་དང་།" "ཉེན་ཁ་སྤུ་ཙམ་ཡང་མེད་པའི"ཁ་གཡང་ནི་དྲ་བའི་སྟེང་ནས་རྒྱ་ཁྱབ་ཏུ་མཐོང་ཐུབ། གསར་འགོད་པ་དཔྱད་རྩོམ་ཉོ་མཁན་ཞིག་ཏུ་བརྫུས་ནས་ཚོང་བདག་ཁ་ཤས་ལ་འབྲེལ་བ་བྱས། ཡིག་འབྲུ 5000 ཅན་གྱི་དཔྱད་རྩོམ་ཞིག་ཞིང་ཆེན་རིམ་པའི་དུས་དེབ་ཅིག་ཏུ་བཀོད་ན་པར་ངོས་ཀྱི་རིན་གོང་ནི་སྒོར་མོ 500 ནས 1000 གི་བར་དུ་ཡིན། ཚོང་བདག་ལ་ལས་ད་རུང་འབྲི་འགོད་གཉིས་ཀའི་ཞབས་ཞུ་སྒྲུབ་བཞིན་ཡོད། "ད་ནི་ཡང་སློབ་གྲྭ་ཆེན་མོ་ཁག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རེ་ཞུ་བྱེད་པའི་དུས་ལ་སླེབས་པས། སློབ་མ་མང་པོ་ཞིག་གིས་ཟླ་བ་སྔོན་མ་ནས་བཟུང་དཔྱད་རྩོམ་ཉོས། སྒོར་མོ་བརྒྱ་ཕྲག་འགས་བྱ་དགའི་དངུལ་སྟོང་ཕྲག་ཁ་ཤས་ཐོབ་ཐུབ་པས། འདི་ལས་དོན་བཟང་ཞིག་གང་ན་ཡོད"ཅེས་གསར་འགོད་པར་བཤད།
རྒྱལ་ཁབ་ཕྱི་ནས་མཁས་པ་མང་པོས་མི་ཚེ་གཅིག་ལ་དཔྱད་རྩོམ་གཅིག་སྤེལ།
དུས་རབས 21 པའི་སློབ་གསོ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཞུང་པིང་ཆི་ཡིས། དེ་སྔོན་ཞིབ་འཇུག་སློབ་མའི་དཔྱད་རྩོམ་སྐོར་ལ་དོགས་སློང་བྱས། ཁོང་གིས་དོན་དངོས་དགེ་ཕན་གྱི་རྒྱུ་རྐྱེན་གཞིར་བྱས་ནས་དཔྱད་རྩོམ་སྤེལ་བའི"ཚད་གཞི"གཏན་ཁེལ་བྱེད་པ་ནི་མི་སྣ་གསོ་སྐྱོང་གི་སྒྲིག་སྲོལ་དང་མི་མཐུན་ཟེར། རང་རྒྱལ་གྱི་སློབ་གྲྭ་ཆེན་མོ་ཁག་གིས་རྟག་ཏུ་དཔྱད་རྩོམ་གྱི་མང་ཉུང་ལ་བལྟས་ནས་སློབ་གྲྭ་གང་དེའི་རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ལ་ལྟ་བ་རེད། དེར་བརྟེན་མཛུབ་སྟོན་དགེ་རྒན་དང་སློབ་ཁྲིད་དགེ་རྒན། ཞིབ་འཇུག་སློབ་མ་ཡོངས་ལ་དཔྱད་རྩོམ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཀྲུང་གོའི་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་གིས་པེ་ཅིང་ན་གཞོན་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པའི་སྐབས་སུ་བཤད་རྒྱུར། སློབ་མ་ཚོར་རིག་གཞུང་ཞིབ་འཇུག་ལ་གཞོལ་བར་སྐུལ་མ་བྱེད་པའི་སྲིད་ཇུས་ཀྱི་ཐོག་མའི་དམིགས་འདུན་ནི་ཡང་དག་པ་རེད། ཡིན་ནའང་ཕྱི་ཚུལ་ནས་སློབ་མའི་ཆུ་ཚད་ཡར་རྒྱས་ལ་ཕན་པ་འདྲ་ན་ཡང་དེས་བསྐྱལ་འོང་བའི་མི་ལེགས་པའི་སྣང་ཚུལ་ཡང་གང་མང་མང་རེད་ཟེར། སློབ་མ་ལ་ལའི་ཁེ་སྤོགས་འདོད་གདུང་དྲགས་པས་འབྲེལ་བ་བཙལ་ནས་པར་ངོས་ཉོ་བར་བྱེད། ཡིན་ནའང་བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་ལ་གཞོལ་མཁན་ཞིག་ཡིན་ན་གནས་སྐབས་ལ་དེ་འདྲའི་བྲེལ་བ་བྱེད་མི་སྲིད། རིག་གཞུང་ཞིབ་འཇུག་ནི་དུས་ཡུན་རིང་བོའི་གསོག་ཉར་གྱི་བརྒྱུད་རིམ་ཞིག་ཡིན་ཕྱིར། སྔོན་ནས་བཟུང"དཔྱད་རྩོམ་སྤེལ"བ་ནི་ཁེ་སྤོགས་དང་མཚན་སྙན་ལ་དགའ་བ་ཙམ་རེད།
མང་ཉུང་དང་དུས་དེབ་ཀྱི་ཚད་རིམ་གྱིས་རིག་གཞུང་གི་ཆུ་ཚད་འཇལ་བར་བྱེད་པའི་ཡིག་ཚད་དང་དཔྱད་འདེམས་གྱི་ལམ་ལུགས་ནི་དེ་འདྲའི་ཞིབ་ཚགས་མིན་པའི་སྒྲིག་སྲོལ་ཞིག་རེད། ལྷག་པར་དུ་སྤྱི་ཚོགས་ཚན་རིག་ཁྱབ་ཁངས་ལྟ་བུར་མཚོན་ན་དེ་བས་བཀོལ་མི་རུང་། རྒྱལ་ཁབ་ཕྱི་རུ། ཞིབ་འཇུག་སློབ་མའི་གསོ་སྐྱོང་ནི་རྟག་ཏུ་ནང་དུ་འགྲོ་དཀའ་བ་དང་ཕྱི་ལམ་ཡངས་བ་ཞིག་ཡིན། སྤྱི་ཚོགས་ཚན་རིག་རིགས་ཀྱི་འབུམ་རམས་པའི་གསོ་སྐྱོང་གི་དུས་ཡུན་ནི་ལོ་བདུན་ནས་བརྒྱད་བར་རེད། དེ་ལས་ཕྱིར་འབུད་གྱི་ཚད་ཀྱང་ཤིན་ཏུ་མཐོ། འཇར་མན་ལྟ་བུར་མཚོན་ན། མཁས་པ་མང་ཆེ་བས་མི་ཚེ་གང་བོར་དཔྱད་རྩོམ་གཅིག་དང་བརྩམས་ཆོས་གཅིག་གི་ཆེད་དུ་འབད་པ་བྱེད། ཡིན་ནའང་དེའི་མཐའ་མཇུག་གི་འབྲས་བུས་རིག་གཞུང་གི་སྡེར་ཐོན་པའི་ནུས་པ་ནི་རྨད་དུ་བྱུང་བ་ཞིག་ཡིན་པ་ནི་སྨྲ་ཅི་དགོས། སློབ་གྲྭ་ཆེན་མོ་ཁག་གིས་ངེས་བར་དུ་ཕྱོགས་མང་པོ་ནས་སློབ་མའི་རིག་གཞུང་ཞིབ་འཇུག་གི་ཆུ་ཚད་ལ་ཚད་འཇལ་བྱེད་དགོས། དཔེར་ན་ཆེད་ལས་ཁྱབ་ཁོངས་ཀྱི་གསར་གཏོད་འབྲས་བུ་དང་ཡང་ན་དེ་གཙོ་བྱས་པའི་དཔྱད་འཇལ་སྒྲིག་གཞི་དང་སློབ་ཁྲིད་ཐབས་ལམ་ལྟ་བུའོ། །