ལུག་མིག་མེ་ཏོག་གིས་གྲོང་མིའི་དཔལ་འབྱོར་གོང་དུ་སྤེལ།

ལོ་ཙཱ། ཡེ་ཤེས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 11-11


ཉེ་ཆར། དཔལ་ཡུལ་རྫོང་ས་དམར་ཡུལ་ཤོག་ཝ་སྒང་གྲོང་སྡེས་ལུག་མིག་མེ་ཏོག་སེར་པོ་འཐུ་བའི་དུས་ཡིན། ལུག་མིག་མེ་ཏོག་སེར་པོ་དེ་སྟོན་ཁའི་ཉི་འོད་འོག་བཀྲག་མདངས་རབ་ཏུ་འཚེར་ཞིང་དྲི་ཞིམ་གང་སར་འཐུལ། ལོ་ལེགས་ཀྱིས་ཁེངས་བའི་ཞིང་ཁར་ཡུལ་མི་ཚོའི་ངོ་ན་འཛུམ་གྱིས་ཁེངས་བཞིན་ལུག་མིག་མེ་ཏོག་སེར་པོ་འཐུ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཝ་སྒང་གྲོང་སྡེས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཡུལ་ཟོག་ཐོན་རྫས་ལེགས་པར་གཉེར་བ་དང་། ཞིང་ལས་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བ། རྫོང་ཁོངས་སུ་མཐོ་སྒང་ལུག་མིག་མེ་ཏོག་ཁྱབ་གདལ་གཏོང་བའི་འདེབས་འཛུགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ། ཝ་སྒང་གྲོང་སྡེས་དཔལ་ཡུལ་གྱི་ཞིང་ལས་ཐོན་རྫས་མཐོ་སྒང་ལུག་མིག་མེ་ཏོག་དང་ཀྲུང་ལུགས་སྨན་རྩྭ་རྒྱུན་ཆད་མེད་པར་འདེབས་འཛུགས་བྱེད་འགོ་བཙུགས་པ་རེད། སྤྱི་ཟླ་4པར་ཞིང་སར་ལོག་རྒྱག་པ་དང་ལྕགས་ར་བསྐོར་བ། སྤྱི་ཟླ་5པར་འདེབས་འཛུགས་བྱས་ནས་ཆུ་འདྲེན་པ་དང་ལུད་རྒྱག་པ། སྤྱི་ཟླ་10པར་བརྔ་བསྡུ་བྱས་པ་སོགས་གྲོང་སྡེ་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེད་སྲིང་དང་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད་ལུག་མིག་མེ་ཏོག་གི་ལོ་ལེགས་བྱུང་བ་དང་ཐོན་ཚད་སྔོན་དཔག་ལས་བརྒལ་ཡོད། ཀྲུང་ལུགས་སྨན་རྒྱུ་སི་ཁྲོན་དུ་མུ་མཐུད་སྔོག་འཐུ་དང་ཕྱིར་ཚོང་བྱེད་བཞིན་ཡོད།

འདེབས་འཛུགས་ཐོན་རྫས་ཀྱི་སྤུས་ཚད་དང་འཐུ་བའི་ལས་ཀར་འགན་ལེན་བྱ་ཆེད། ཝ་སྒང་གྲོང་སྡེས་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཐབས་ཇུས་འདོན་པ་དང་། ཀྲི་པུའུ་ཚན་ཁག་གིས་སྣེ་ཁྲིད་པ། མང་ཚོགས་ཀྱིས་གཞོགས་འདེགས་བྱེད་པ་བཅས་ཟུང་དུ་སྦྲེལ་བའི་ལས་ཀའི་རྣམ་པ་སྤྱད་དེ་དང་ཐོག་ནས་གྲོང་མི་སྒྲིག་འཛུགས་ཀྱི་གསོ་སྦྱོང་བྱས་ནས་འཐུ་སྟངས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ལ་འགྲེལ་བཤད་གསལ་པོ་བྱས་ཡོད། མེ་ཏོག་འཐུ་བའི་བརྒྱུད་རིམ་ནང་གྲོང་མིས་ཚད་གཞི་ལྟར་བཀོལ་སྤྱོད་ནན་པོ་བྱས་པས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཐུབ་ཡོད།

ཝ་སྒང་གྲོང་སྡེའི་ཧྲུའུ་ཅི་དང་པོ་དབྱང་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཝ་སྒང་གྲོང་སྡེར་ལུག་མིག་མེ་ཏོག་སྤྱི་རྒྱ་860ལྷག་ཕྱིར་ཚོང་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ལྷག་བྱུང་ཡོད། ཉེ་དུས་ཀྲུང་ལུགས་སྨན་རྒྱུ་འཐུ་བའི་དུས་འཁེལ་པ་དང་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་3ཡོང་རྒྱུ་རེད་ཅེས་བཤད།  

ཝ་སྒང་གྲོང་སྡེའི་ལུག་མིག་མེ་ཏོག་འཐུ་བ་དེས་གྲོང་མིའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པར་མ་ཟད། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། གོམ་སྟབས་རྗེས་མར་ཝ་སྒང་གྲོང་སྡེས་འདེབས་འཛུགས་རྟེན་གཞི་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བ། ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་བ། གྲོང་མི་དེ་བས་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ་དང་ཐོན་ལས་དར་སྤེལ་ལ་བརྟེན་ཏེ་ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་སྣེ་ཁྲིད་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1