སྤྱི་ཟླ་11པའི་ཚེས་10ཉིན། ཞོགས་པའི་ཉི་འོད་ས་གཞིར་འཕྲོས་མ་ཐག །བོད་ལྗོངས་མི་རིགས་སློབ་ཆེན་ཆིང་ཧན་སློབ་ཁུལ་དུ་དགེ་སློབ་ཡོངས་ཀྱིས་རུ་སྟར་བསྒྲིགས་ནས། སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ་རྒྱལ་དར་བསུ་བའི་མཛད་སྒོ་གཉེར་བ་རེད།
སློབ་གྲྭའི་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རུ་མིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར”ཞེས་པའི་ཡིག་འབྲུ་དེ་དག་བརྐོས་ཡོད་པའི་དར་སྒམ་དེ་གཟབ་ནན་ངང་ཁ་ཕྱེ་བ་དང་། དར་སྒམ་ནས་རྒྱལ་དར་བླངས་ཏེ་དལ་གྱིས་ཁ་ཕྱེ་མ་ཐག ས་གནས་ས་ཐོག་ཏུ་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།
2022ལོའི་ཟླ་10པའི་ཚེས་15ཉིན་ཨང་རྟགས(2022-0141)ཡིན་པའི་རྒྱལ་དར་དེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དལ་བུར་བསྒྲེངས་བ་དང་། རྒྱལ་དར་འདི་སྒྲེང་པའི་ཉིན་མོ་དེ་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་64འཁོར་བ་དང་ཏག་ཏག་དུས་གཅིག་ལ་འཁེལ་ཡོད། དེར་བརྟེན། རྒྱལ་དར་དེ་བོད་ལྗོངས་མི་རིགས་སློབ་ཆེན་ལ་ཆ་མཚོན་ན་དམིགས་བསལ་གྱི་དྲན་གསོའི་དོན་སྙིང་ལྡན་ཡོད།
2018ལོའི་ཟླ་10པའི་ཚེས་15ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། སློབ་གྲྭའི་དགེ་སློབ་དང་ལས་བཟོ་ཡོངས་དང་སློབ་གྲྭ་གཅིག་པའི་སློབ་གྲོགས་བཅས་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་མ་ཟད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལོ་60རིང་གི་སློབ་གཉེར་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད། ད་ཆ། རྒྱལ་དར་དེ་སྤྱི་ལེ་1100ལྷག་ཙམ་བརྒལ་ནས་རྒྱལ་ས་པེ་ཅིང་ནས་བོད་ལྗོངས་མི་རིགས་སློབ་ཆེན་དུ་འབྱོར་ཡོད་པས། སློབ་གྲྭའི་དགེ་སློབ་ཡོངས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། །