བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་རྟོག་ཞིབ་ལས་དོན་དུས་རིམ་གཉིས་པའི་ལས་དོན་ལོ་མཇུག་གི་མཇུག་སྒྲིལ་པའི་དུས་སུ་སླེབས་པ་དང་། མིག་སྔར་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེན་པོ་གཉིས་པ་སྟེ་གཞིས་ཀ་རྩེའི་རྫོང་དང་ཆུས18ཀྱི་རིག་དངོས་རྟོག་ཞིབ་ལས་དོན་བརྟན་བརླིང་ངང་སྤེལ་བཞིན་ཡོད། མིག་སྔའི་བར་དུ་གནའ་བོའི་རིག་གནས་གནའ་ཤུལ་དང་གནའ་བོའི་བང་སོ། གནའ་བོའི་བཟོ་བཀོད། བྲག་ཕུག་ལྷ་ཁང་དང་རྡོ་བརྐོས། ཉེ་རབས་ཀྱི་ལོ་རྒྱུས་གནའ་ཤུལ་མཚོན་པའི་བཟོ་བཀོད་སོགས་ཀྱི་སྤོ་སྒུལ་བྱེད་ཐབས་མེད་པའི་རིག་དངོས་ས་ཚིགས301གསར་དུ་རྙེད་པ་རེད།
རྟོག་ཞིབ་ལས་དོན་མི་སྣས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱི་གནའ་ཤུལ་ཞིག་གིས་རྟོག་ཞིབ་བྱེད་བཞིན་པ།
སྟོན་ཁ་སླེབས་པ་ལས་ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་གྲོང་ཚོ་ལ་ལའི་འགྲོ་ལམ་ཆུ་ཡིས་ཁུར་ཞིང་། གསར་འགོད་པས་ཡུལ་དངོས་སུ་རིགས་སོ་སོའི་རྟོག་ཞིབ་འཕྲུལ་ཆས་དང་ཆར་ལྭ། ཆུ་དེམ། ལམ་བྲོ་རྒྱབ་ཏུ་ཁུར་བའི་རྟོག་ཞིབ་མི་སྣས་ལམ་གཞན་འཚོལ་ཞིང་ཕན་ཚུན་ལག་གདང་སྦྲེལ་ནས་འདམ་རུད་ལམ་ནང་དུ་མདུན་དུ་བསྐྱོད་བཞིན་པ་མཐོང་། རྟོག་ཞིབ་ལས་དོན་སྤེལ་བའི་གོ་རིམ་ཁྲོད་དཀའ་སྡུག་མང་པོ་ཡོད་ཀྱང་རྟོག་ཞིབ་ལས་དོན་མི་སྣས་སྔར་བཞིན་སྤྲོ་སེམས་ཀྱིས་ཁེངས་བ་རེད།
གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་དངོས་ས་ཚིགས1088ཡུལ་དངོས་རྟོག་ཞིབ་དང་གཞི་གྲངས་བསྡུ་ལེན་ལས་དོན་ལེགས་འགྲུབ་ཟིན་པ་དང་། དེ་ནང་རིག་དངོས་ས་ཚིགས519ལ་ཐེངས་གསུམ་ལ་རྟོག་ཞིབ་བྱས་པ་དེ་སྤྱི་འགན་ཁུར་གྱི59%ཟིན་པ་དང་། 2012ལོའི་ཚུན་རིག་དངོས་ས་ཚིགས་གསར་བ268རྙེད་པ་སྤྱི་འགན་ཁུར་གྱི46%ལེགས་འགྲུབ་བྱུང་བ་རེད།
རྟོག་ཞིབ་ལས་དོན་མི་སྣས་ས་གནས་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་ཡོད་པའི་བཙུན་པར་གནའ་ཤུལ་སྐོར་གྱི་གནས་ཚུལ་དྲི་བཞིན་པ།
བོད་རང་སྐྱོང་ལྗོངས་ཀྱི་ཐེངས་བཞི་བའི་རྒྱལ་ཡོངས་རིག་དངོས་རྟོག་ཞིབ་རིང་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་རྟོག་ཞིབ་རྗེས་སུ་གཏན་ཁེལ་བྱས་པ་དང་ཐོ་འགོད་བྱས་པའི་ས་ཚིགས4277སྤོ་སྒུལ་བྱེད་ཐབས་མེད་པའི་རིག་དངོས་ལ་ཡང་བསྐྱར་རྟོག་ཞིབ་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་ཐེངས་གསུམ་པའི་ནང་རྟོག་ཞིབ་དང་གཏན་ཁེལ་བྱེད་མ་ཐུབ་པ། ཐོ་འགོད་མ་ཐུབ་པའི་2012ལོའི་ཚུན་སྤོ་སྒུལ་བྱེད་ཐབས་མེད་པའི་རིག་དངོས་ལ་རྟོག་ཞིབ་བྱ་རྒྱུ་རེད། །