ལོ་ངོ་བཞི་བཅུའི་མཚར་སྡུག་འོད་དུ་འཚེར།
ལོ་ངོ་བཞི་བཅུའི་གྲུབ་འབྲས་གཡུར་དུ་ཟ།
སྤྱི་ཟླ་11པའི་ཚེས་29ཉིན་གྱི་སྔ་དྲོར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེན་ཆོན་དང་། ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་འཛིན་གཞོན་པ་ཀྲང་པིན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག །ཚོགས་ཞུགས་སྐུ་མགྲོན་ཚོས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དྲིལ་བསྒྲགས་བརྙན་གཟུགས་ཏེ༼འགན་འཁྲི་སེམས་སུ་བཅངས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་༽ཞེས་པར་གཟིགས་པ་དང་། སློབ་གླིང་གིས་ལོ་བཞི་བཅུའི་རིང་དཀའ་སྤྱད་འབད་བརྩོན་བྱས་པའི་ངོ་མཚར་ལོ་རྒྱུས་ལ་ཕྱིར་དྲན་གནང་ལ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྐུ་ཚབ་དང་སློབ་གླིང་འདི་ནས་མཐར་ཕྱིན་པའི་འཐུས་ཚབ་མི་སྣ་བཅུ་ཡིས་སློབ་གླིང་ལ་ལེགས་སྐྱེས་ཕུལ་བ་དང་། སློབ་གླིང་ནས་མཐར་ཕྱིན་པའི་འཐུས་ཚབ་མི་སྣ་རྡོ་རྗེ་བཀྲ་ཤིས་ཀྱིས་གཏམ་བཤད་གནང་ནས་མ་ཡུམ་སློབ་གྲྭར་བཅངས་པའི་བརྩེ་བ་ཟབ་མོ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
བློ་མཐུན་ཀྲང་པིན་གྱིས། བཞུགས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་པ་ནས་བཟུང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ནས། སི་ཁྲོན་གྱི་ཁྱད་ཆོས་ལྡན་པ་དང་ས་གནས་རང་གི་དོན་དངོས་དང་མཐུན་པའི་སློབ་གཉེར་ལམ་བུ་ཞིག་བཏོད་དེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་སྤྱི་ཚོགས་བརྟན་བརླིང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། རྗེས་ཕྱོགས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་འགོ་ཁྲིད་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སློབ་གླིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་རྨིན་གྱི་མངགས་བཅོལ་ལྟར་བློ་མཐུན་ཁྲེན་ཆོན་གྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ནས། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ལོ་ངོ་བཞི་བཅུའི་རིང་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་བསམ་ཕོད་པ་དང་སྒྲུབ་ཕོད་པ། ཚོད་ལྟ་བྱེད་ཕོད་པ་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་གསར་སྤེལ་གསར་གཏོད་བྱས་པས། རང་རེའི་ཞིང་ཆེན་གྱི་དེང་རབས་ནང་བསྟན་སློབ་གསོའི་སློབ་གླིང་གལ་ཆེན་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་དང་། རྔ་བ་དང་དཀར་མཛེས་ཡན་ལག་སློབ་གླིང་། ལེའང་ཧྲན་སློབ་ཁྲིད་ལྟེ་གནས་བཅས་གཙིགས་འཛིན། གཙོ་གནད་དགོན་སྡེ་ཁག་ཅིག་སློབ་རིམ་གྲ་སྒྲིག་འཛིན་གྲྭ་བྱེད་པའི་རིམ་གསུམ་ཡོན་གནས་ལམ་ལུགས་བཙུགས་ནས། ཕུལ་དུ་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བཤད།
ཁོང་གིས་ད་དུང་ཏང་གིས་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སློབ་གཉེར་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་ཆབ་སྲིད་ཐད་བློ་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་ཕུལ་བྱུང་གྲྭ་བཙུན་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ཁ་ཕྱོགས་སུ་བརྩི་བ་དང་། ཆོས་ཁྲིམས་ཆོས་དོན་འཆད་འགྲེལ་བྱ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ། སློབ་རིམ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་དེ་འདེགས་སྐྱོར་ནུས་ལྡན་དུ་བརྩི་བ་བཅས་བྱས་ནས། ལས་འགན་འཁུར་ཕོད་པ་དང་། ལས་དོན་ལ་འབད་བརྩོན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་གང་ཐུབ་བྱེད་དགོས་ཞེས་བཤད།
ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་སྐུ་མགྲོན་ཚོས་མཉམ་དུ་ཚོགས་ཆེན་འདུ་ཁང་དང་སློབ་གྲྭའི་ལོ་རྒྱུས་ཁང་། ཡིག་གཟུགས་འགྲེམས་སྟོན། པར་ལེན་འགྲེམས་སྟོན་བཅས་ལ་ལྟ་སྐོར་གནང་བར་མ་ཟད། དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་སྦྱོང་ཡང་གནང་བ་རེད།
བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། ཡུན་ནན། ནང་སོག་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་གི་འགན་འཁུར་བློ་མཐུན་དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་། སློབ་ཁྲིད་ལྟེ་གནས་སོགས་དང་། དེ་བཞིན་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྐུ་ཚབ་དང་སྤྱི་ཚོགས་ལས་རིགས་ཁག་གི་སྐུ་མགྲོན་མང་པོ་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། །