༄༅།།རང་བྱུང་ཁམས་ལ་ཕུལ་བའི་སྙན་ངག

གོ་ཆ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 12-03


མཐོན་པོའི་ས་འཛིན་སུ་ཡིས་མ་བརྩིགས་ཤིང་། །

དམའ་མོའི་རོང་ཆེན་གང་གིས་མ་བརྐོས་ཀྱང་། །

མི་འདྲའི་དབྱིབས་ཀྱིས་ཕྱུག་པའི་སྣོད་ཀྱི་དཔལ། །

ཕལ་པའི་བློ་ལས་འདས་པའི་ངོ་མཚར་མཆིས། །


སྡོང་པོ་ཡལ་ག་ལོ་མ་མེ་ཏོག་སོགས། །

ཆ་དང་ཆ་ཅན་རེ་རེའི་གྲུབ་ཚུལ་ལ། །

ཞིབ་མོའི་བློ་ཡིས་བརྟག་ཅིང་དཔྱད་ན་ཡང་། །

འཛད་མེད་གསང་བའི་མདུད་པ་དགྲོལ་བར་དཀའ། །


ཉ་མོ་ཆུ་ཡི་ནང་དུ་དགའ་བས་རྩེན། །

ནོར་ལུག་སྤང་གི་གཞི་ལ་རྩྭ་ཡིས་ཚིམ། །

འདབ་ཆགས་ཨ་སྔོན་དབྱིངས་སུ་རང་དགར་ལྡིང་། །

རང་བྱུང་འཇིག་རྟེན་དགའ་བའི་གླིང་ཁ་ཉིད། །


རྩི་ཤིང་སྨན་གྱི་དྲི་བསུང་འཐུལ་བའི་ཚེ། །

དབང་ལྔའི་ཡུལ་ལ་བདེ་བའི་ཆུ་བོ་རྒྱས། །

དྭངས་བསིལ་མཚོ་མོར་ཁྲུས་ལ་རོལ་བའི་དུས། །

ཡིད་མཁར་འཐིབས་པའི་སྨུག་སྤྲིན་ངང་གིས་དྭངས། །


ཡངས་པའི་སྤང་ལྗོངས་རས་སྔོན་བཏིང་པའི་གཞིར།

རྩི་ཤིང་སྣ་ཚོགས་ཕྲ་ཚོམ་བཏབ་པ་བཞིན། །

མཚོ་དང་མཚོ་ཕྲན་གཡུ་ཡི་མེ་ལོང་ལ། །

འདབ་ཆགས་ཚོགས་རྣམས་ལྷ་ཡི་ཕོ་ཉར་འཁུམས། །


དུང་གི་མེ་ཏོག་འཐོར་བའི་ཁ་བ་ཡིས། །

ས་གཞིར་རབ་དཀར་གོས་ཀྱི་ལྭ་བ་གཡོགས། །

ཟིམ་ཟིམ་ཁད་ཀྱིས་འབབ་པའི་སྦྲང་ཆར་གྱིས། །

རྩི་ཤིང་སྐྱེ་དངོས་གདོང་གི་ནག་ནོག་བཀྲུས། །


ལྷུང་ལྷུང་ཆུ་མོ་འབབ་པའི་བདུད་རྩི་ཡིས། །

ནོར་འཛིན་བཞིན་ལ་ཁྲུས་ཀྱི་སྟོན་མོ་བཤམས། །

སྨུག་སྤྲིན་དུམ་བུར་རྒྱུ་བའི་རི་ལུང་གིས། །

ས་མཐོའི་ཡུལ་ལ་མཛེས་ལྗོངས་གསར་པ་བསྣན། །


མཐོ་བར་གཅམ་གསག་ཚིག་གི་ཟློས་གར་མེད། །

དམའ་བར་མཐོང་ཆུང་མིག་གི་མདའ་མོ་མེད། །

མཐོ་དམན་ཀུན་ལ་དབང་བའི་ལོངས་སྤྱོད་དེ། །

རང་བྱུང་ཁམས་ཀྱིས་བསྩལ་བའི་ལེགས་སྐྱེས་ལགས། །


ཚུལ་འཆོས་ཚོན་གྱིས་བསྒྱུར་བའི་ཞལ་རས་མིན། །

སྒེར་སེམས་ཁོག་ལ་བཅུག་པའི་འཛུམ་མདངས་མིན། །

མ་བཅོས་མ་བསླད་གཤིས་ཀྱི་མཛེས་པ་ཡིས། །

ཡིད་ཀྱི་ཞིང་སར་བདུད་རྩིའི་བྱབས་ཁྲུས་མཛད། །


ཁེངས་དྲེགས་སེམས་ལ་ཟླ་བས་བསིལ་ཟེར་སྦྱིན། །

དུབ་པའི་ལུས་ལ་རླུང་བུས་བྱི་དོར་བྱེད། །

སྐྱོ་བའི་ཚེ་ན་ཆུ་མོས་སྙིང་གཏམ་གླེང་། །

རང་བྱུང་འཇིག་རྟེན་གྲོགས་ཀྱི་ཡང་རྩེ་ཡིན། །


སྦྲང་ཆར་བསིལ་མས་ལུས་ཀྱི་རྔུལ་ཆུ་བཀྲུས། །

མཁའ་རླུང་གཙང་མས་དབུགས་རྒྱུན་ལམ་བུ་བཤངས། །

ཉི་འོད་འཇམ་པོས་མ་བཞིན་བྱམས་ཀྱིས་བསྐྱངས། །

ཁྱེད་ཀྱི་བྱིན་རླབས་ནོར་བུ་ཀུན་འབྱུང་བཞིན། །


བྱེད་པོ་ཚངས་པའི་བློ་ཡིས་མ་བཀོད་ཅིང་། །

སྒྱུ་རྩལ་མཁས་པའི་སོར་རྩེས་མ་བྲིས་ཀྱང་། །

མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པ་ཡི། །

རང་བྱུང་ཁམས་ཀྱི་ངོ་མཚར་ཨེ་མ་རྨད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1