ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ།

ཡིག་སྒྱུར། མཚམས་གཅོད། པ་སངས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 12-16


ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་།

ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཕེབས་ཡོད།

ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12པའི་ཚེས་11ནས་12བར་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཕེབས་ཡོད།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2025ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་ཡོད། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད།

ཚོགས་འདུའི་ཐོག །ད་ལོ་ནི“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བབ་བརླིང་སྟབས་བསྟུན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་དང་།བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཡོང་གྲབས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད་པའི་ངོས་འཛིན་བྱས་ཡོད།

ཚོགས་འདུའི་ཐོག །མིག་སྔར་ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཆེ་རུ་ཕྱིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། དུས་མཚུངས་སུ་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། ང་ཚོས་དཀའ་ངལ་ལ་གདོང་གཏད་པ་དང་བློ་སྤོབས་བརྟན་དུ་བཏང་ནས། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་གང་ཐུབ་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། འགག་རྩའི་དུས་མཚམས་སུ་ཏང་ཀྲུང་དབྱང་གིས་དུས་བབ་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤག་དང་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་འགན་ལེན་བྱས་ཡོད། ངེས་པར་དུ་ནུས་ལྡན་གྱི་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། “ཁྲོམ་རའི་གསོན་ཤུགས་འཕེལ་ཐུབ”ལ་“དོ་དམ་ཡང་བྱེད་ཐུབ་པའི”དཔལ་འབྱོར་སྒྲིག་ལམ་ཞིག་ཆགས་པར་བྱེད་དགོས། ངེས་པར་དུ་སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བདེ་བླག་ཡོང་བར་བྱེད་དགོས། ངེས་པར་དུ་འགུལ་ནུས་གསར་པ་སྐྱེད་སྲིང་དང་འགུལ་ནུས་རྙིང་པ་གསར་སྒྱུར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། ངེས་པར་དུ་འཕར་ཚད་ལེགས་སུ་གཏོང་བ་དང་གསོག་ཚད་གང་འགབ་ཅི་སྤྱོད་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ངེས་པར་དུ་སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེ་རུ་གཏོང་བའི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་སྟོན་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་བས་ཡག་པ་བྱེད་པ། དེ་བས་དགེ་མཚན་ལྡན་ལ་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ཁང་པའི་ཁྲོམ་ར་དང་མ་རྐང་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་བརྡབ་གསིག་ལ་དོགས་ཟོན་དང་ཐག་གཅོད་བྱེད་པ། སྔོན་དཔག་བརྟན་པོ་དང་གསོན་ཤུགས་འཕེལ་བ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། སྤུས་ཚད་མཐོན་པོའི་སྒོ་ནས“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་ཚད་ལས་འགན་ལེགས་སྒྲུབ་དང་“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་འདུའི་ཐོག་བསྟན་དོན། སང་ལོར་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས། ཡུལ་མིའི་ཡོང་འབབ་འཕར་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གོམ་སྟབས་གཅིག་མཚུངས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སང་ལོར་བརྟན་ཐོག་ཡར་བརྩོན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དྲང་སྲུང་གསར་གཏོད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱེད་དགོས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། ནོར་སྲིད་མཚལ་ཡིག་གི་ཚད་ཇེ་མཐོར་གཏོང་བ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱེད་ཚད་མང་དུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་འགྱུར་བྱེད་པ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བཅས་བྱེད་དགོས།

འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་དགོས། དུས་དང་བསྟུན་ནས་གྲབས་དངུལ་ཚད་གཞི་གཅོག་པ་དང་སྐྱེད་ཀ་གཅོག་བྱེད་པ། འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་རུབ་སྡུད་གཞི་ཁྱོན་དང་དངུལ་ལོར་མཁོ་སྤྲོད་བྱེད་ཚད་འཕར་སྣོན་བྱེད་པ་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་ཕན་ཚུན་འཚམ་པོ་ཡོང་བར་བྱེད་པ། ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དང་དངུལ་རྩ་བརྟན་པོ་ཡོང་བའི་ནུས་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།

སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་ཡག་པོ་བཟུང་དགོས། ནོར་སྲིད་དང་དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཉོ་ཚོང་། ཁོར་ཡུག་སྲུང་སྐྱོང་། ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་ཁག་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་དབར་གྱི་ནུས་ལྡན་འབྲེལ་གཏུག་དང་གྲོས་མོལ་ལན་ཆའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་གཅིག་གྱུར་གྱིས་སྤྱི་ཁོག་སྲིད་ཇུས་ཀྱི་ལེན་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་བཅུག་སྟེ། སྲིད་ཇུས་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག །སང་ལོར་གཤམ་གྱི་གཙོ་གནད་ལས་འགན་ཁག་དམ་འཛིན་ཡག་པོ་བྱ་དགོས་པའི་གཏན་འཁེལ་བྱས་ཡོད་པ་སྟེ།

གཅིག་ནས་འཛད་སྤྱོད་ཤུགས་ཆེར་གཏོང་བ་དང་མ་འཇོག་ཕན་འབྲས་ཆེ་རུ་བཏང་སྟེ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་དགོས། འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་སྤེལ་བ་དང་། ཁྱབ་ཁོངས་རྒྱ་བསྐྱེད་དེ“གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས“གལ་ཆེ་གཉིས”ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། ནོར་སྲིད་དང་དངུལ་རྩའི་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གིས་མ་དངུལ་གཏོང་བར་བརྟེན་ནས་སྤྱི་ཚོགས་ཀྱིས་མ་དངུལ་འཇོག་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་ཤུགས་ཆེན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཆུང་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས།

གཉིས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། “མི་ཐབས་རིག་ནུས+” བྱ་སྤྱོད་སྤེལ་ནས། འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་མང་བའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས་སྤྱི་ཚོགས་ཀྱི་མ་རྩ་བྱ་གཞག་གསར་གཏོད་དང་མ་དངུལ་འཇོག་པའི་ནང་ཞུགས་པར་ཡིད་འགུག་བྱེད་པ།  “ནང་འགྲན་རྣམ་པའི”འགྲན་རྩོད་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།

གསུམ་ནས་དཔལ་འབྱོར་གྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མཚོན་རྟགས་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་ཟབ་སྤེལ་རིམ་སྤོར་བྱེད་པའི་བྱ་སྤྱོད་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བཅའ་ཁྲིམས་འདོན་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲིད་སྟོན་གཏན་འབེབས་བྱེད་དགོས། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་རྩ་རུབ་སྡུད་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།

བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་རྒྱལ་གྱི་མ་འཇོག་བརྟན་པོ་ཡོང་བ་བྱེད་དགོས། རང་བརྟེན་སྒོ་འབྱེད་དང་ཕྱོགས་རྐྱང་པའི་སྒོ་འབྱེད་གོ་རིམ་ལྡན་པའི་ངང་ཆེ་རུ་བཏང་ནས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། ཞབས་ཞུའི་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་། གྲངས་འཛིན་ཉོ་ཚོང་བཅས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བའི་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ལས་རིགས་སྒོ་འབྱེད་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

ལྔ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་དང་ཉེན་ཁ་ནུས་ལྡན་ངང་བསལ་ནས། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པ་བྱེད་པའི་མཐའ་ཚད་བརྟན་པོ་སྲུང་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་ཆག་མཚམས་ཆད་ནས་སླར་ཡང་བརྟན་པོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཉེན་ཆེའི་སྡོད་ཁང་རྙིང་པ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་འོས་འཚམ་བྱེད་དགོས།

དྲུག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་མ་མཐའི་ཚད་ཐིག་དམ་སྲུང་དང་། རྨོ་ཞིང་བཟུང་གསབ་དོ་སྙོམས་ཐད་དོ་དམ་ནན་པོ་བྱ་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། འབྲུ་རིགས་འདེབས་མཁན་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཧུར་སེམས་སྲུང་སྐྱོང་བྱེད་དགོས། དེང་རབས་ཅན་གྱི་གྲོང་ཚོམས་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་ཆེན་པོ་དག་གི་དེང་རབས་ཅན་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

བདུན་ནས་ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁོངས་ཀྱི་འཕེལ་རྒྱས་གསོན་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་རྩེག་སྣོན་བྱེད་ནུས་འདོན་སྤེལ་བྱེད་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་ལས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་དང་། ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་ཏེ་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་ཀྱི་ཐོན་ལས་རོགས་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱ་མཚོའི་དཔལ་འབྱོར་དང་མཚོ་ཁུག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་དགོས།

བརྒྱད་ནས་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་མགྱོགས་སུ་གཏོང་དགོས། “བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ལ་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། “བྱེ་ས་དང་། གྲམ་ཐང་། ས་རྒོད”བཅས་ཀྱི་ནུས་ཁུངས་གསར་པའི་རྟེན་གཞི་གང་མགྱོགས་འཛུགས་སྐྲུན་བྱ་དགོས། ཐཱན་མེད་གླིང་ཁུལ་ཁག་གཅིག་བཙུགས་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། གནམ་སྔོན་མོ་དང་ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་བྱེད་པའི་དམག་འཐབ་བསྟུད་མར་གཏིང་ཟབ་ཏུ་སྤེལ་དགོས། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

དགུ་ནས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་བསྟར་དགོས། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ་དང་བུ་བཙར་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འབེབས་བྱེད་དགོས།

ཚོགས་འདུའི་ཐོག །ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱས་པ་རང་རྟོགས་ངང་སྤྱད་དེ་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱས་ཏེ། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་ཡིད་ཆེས་བརྟན་དུ་གཏོང་དགོས་ལ། དཀའ་ངལ་མདུན་བསུ་དང་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱང་བྱེད་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམིགས་ཚད་ཀྱི་སྣེ་ཁྲིད་ལ་སྣང་ཆེན་བྱེད་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་གོ་སྐབས་དང་ཤུགས་ཚད་ལ་སྣང་ཆེན་བྱེད་པ། མ་ལག་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལེགས་པར་བསྒྲུབ་པ་དང་། ནང་མཁོ་དང་ལྷག་པར་དུ་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ། འགུལ་ནུས་གསར་རྙིང་བརྟན་པོ་དང་རྒྱུན་མཐུད་ངང་བརྗེ་སྒྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་ཞབས་ཞུ་ལེགས་སུ་གཏོང་བ། ཉེན་ཁ་ཐག་གཅོད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱེད་པའི་ཕན་ནུས་ཤུགས་ཆེར་གཏོང་བ་དང་། གཞི་རིམ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག །ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། དྲང་ཕྱོགས་སྐུལ་འདེད་ཤུགས་ཆེར་གཏོང་བ། ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་ནང་གནས་སྟོབས་ཤུགས་སྔོག་འདོན་བྱེད་དགོས། གཞི་རིམ་གྱི་འཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་། ལས་ཀ་བྱེད་འདོད་པ་དང་སྒྲུབ་མཁས་པའི་ལས་བྱེད་པས་ལས་སྒྲུབ་དང་བྱས་རྗེས་འཇོག་རྒྱུར་མཐུན་རྐྱེན་སྐྲུན་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། གོང་རིམ་ལ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུར་དགའ་བ་དང་། མང་ཚོགས་ལ་འགན་མི་འཁུར་བ། དོན་དངོས་ཀྱི་ཕན་ནུས་ལ་མི་བལྟོས་པ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། རང་གཅེས་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། སྔོན་དཔག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ། དེ་བཞིན་སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། འཐབ་ཇུས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་གི་“ལོ་ལྔ་ཚན་འཆར་འགོད་བཅོ་ལྔ་པའི”གྲོས་འགོ་ཡག་པོ་བཟོས་དགོས་པའི་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག །ལོ་མཇུག་དང་ལོ་འགོའི་དམངས་འཚོའི་འགན་ལེན་དང་། བདེ་འཇགས་བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། རིགས་ཁག་གི་འགལ་ཟླ་དང་རྩོད་རྙོག མི་མངོན་པའི་ཉེན་ཁ་བཅས་རྩད་ཞིབ་དང་ཐག་གཅོད་ཡག་པོ་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ལ་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག །ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཚོགས་འདུའི་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཐུབ་པ་བྱེད་པ་བཅས་ཀྱིས། སྤུས་མཐོའི་གོང་འཕེལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་ཚོགས་འདུར་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1