རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག་རུ་མཛད་སྒོ་འདི་འདྲ་ཞིག་སྤེལ།

ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-17


སྤྱི་ཟླ་12པའི་ཚེས་10ཉིན་སི་ཁྲོན་གྱི་ཞིང་ལས་ཚོང་དོན་དངུལ་ཁང་གིས་རྟའུ་རྫོང་ལ་རོགས་རམ་བྱེད་པའི“ཞིང་ལས་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཉམས་ལེན་ལྟེ་གནས་ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་དང་འགོ་ཚུགས་མཛད་སྒོ་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གསེག་རི་གླིང་ག་རུ་སྤེལ་པ་རེད། ལས་གཞི་འདི་ལག་བསྟར་འགོ་ཚུགས་པ་དེས་རྟའུ་ཡི་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་གསོན་ཤུགས་གསར་པ་སྦྱིན་ཡོད་པ་རེད།

ཡུལ་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་འོག་སི་ཁྲོན་ཞིང་ལས་ཚོང་དོན་དངུལ་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ནས་རྟའུ་རྫོང་མི་དམངས་སྲིད་གཞུང་དང་མཉམ་ལས་བྱས་ཏེ་ས་གནས་དེ་གའི“ཞིང་ལས་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་དང་སློབ་གསོའི་བྱ་གཞག་ཡར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད། ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་སི་ཁྲོན་གྱི་ཞིང་ལས་ཚོང་དོན་མཉམ་འབྲེལ་དངུལ་ཁང་གིས་རྟའུ་རྫོང་ལ་ཞབས་འདེགས་རང་བཞིན་གྱི་རོགས་སྐྱོར་ལས་གཞིའི་མ་དངུལ་སྒོར་ཁྲི3000ཞལ་འདེབས་བརྒྱབ་ནས་རྟའུ་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་ཞིང་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་བ་རེད། དེ་དང་ཆབས་ཅིག་སི་ཁྲོན་ཞིང་ལས་ཚོང་དོན་མཉམ་འབྲེལ་དངུལ་ཁང་གིས་རྟའུ་རྫོང་ལ་སློབ་གསོའི་མ་དངུལ་སྒོར་ཁྲི44ཞལ་འདེབས་བརྒྱབ་ནས་རྟའུ་ཡི་སློབ་གསོའི་བྱ་གཞག་ལ་རོགས་སྐྱོར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྟའུ་རྫོང་གི“ཞིང་ལས་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཉམས་ལེན་ལྟེ་གནས་ཀྱི་ལས་གཞི་ལ་སྔོན་རྩིས་མ་དངུལ་སྒོར་ཁྲི2996གཏང་རྒྱུ་ཡིན་པ་རེད། ལས་གཞི་དེས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ་གཙོ་བོར་བྱས་ནས“ཞིང་འབྲེལ་དང་། ཞིང་ཕན། ཞིང་ཁྲིད”བཅས་ཀྱི་ལམ་སྲོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས། རྟའུ་རྫོང་ཁོངས་ཀྱི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་བཟོ་སྣོན་ཕྱིར་ཚོང་དང་“རིག་གནས་ཡུལ་སྐོར་བའི”སོས་དལ་ཉམས་ལེན་དེ་འཆར་འགོད་ཀྱི་གཙོ་གནད་དུ་བརྩིས་ནས“སྐྱེ་ཁམས་ཞིང་འབྲོག་དང་། ཁྱད་ལྡན་བཟོ་སྣོན། ཐོན་དངོས་ཕྱིར་ཚོང་། རིག་གནས་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་བཀོད་སྒྲིག་ལ་དམིགས་ཏེ་རྟའུ་རྫོང་གི་དཔེ་སྟོན་རང་བཞིན་དང་ཚད་གཞིའི་རང་བཞིན“ཞིང་ལས་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཉམས་ལེན་ལྟེ་གནས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1