སྤྱི་ཟླ་7པའི་ཚེས་16ཉིན། ཀྲུང་གོའི་《གསར་འགྱུར་དང་ཚགས་པར་བསྡུས་དོན།》ཅེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་སྤྱི་ཚོགས་དམངས་གཙོའི་ཏང་གི་ཀྲུའུ་ཞི་དང་ཙུང་ལི་གཞོན་པ་ཅ་པུའུ་ལི་ཨར་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་འཇར་མན་གྱི་སྤྱི་ཚོགས་དམངས་གཙོའི་ཏང་གི་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད། 1984ལོའི་ཟླ་5པར། ཀྲུང་གོ་རུ་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་སྤྱི་ཚོགས་དམངས་གཙོའི་ཏང་གི་ཀྲུའུ་ཞི་པའོ་ལན་ཐི་ལགས་ཀྱིས་སྐུ་ཞབས་ཏེན་ཞའོ་ཕིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་གནང་ཞིང་། འདུ་ཤེས་འཛིན་སྟངས་ཀྱི་བར་ཁྱད་ལས་བརྒལ་ནས་ཕན་ཚུན་ལ་རྒྱུས་ལོན་དང་མཉམ་ལས་བྱ་བའི་བསམ་བློ་གཙོ་བོར་བཟུང་ཐོག་ཏང་ཁག་གཉིས་ཀྱི་འབྲེལ་བ་བཙུགས་པ་རེད། འདི་ལྟར་ལོ་ངོ་30ལྷག་འགོར་བའི་རིང་ཏང་ཁག་གཉིས་བར་གྱི་རྒྱུས་ལོན་དང་ཡིད་རྟོན་ཇེ་ཟབ་ཏུ་སོང་བས། འབྲེལ་འདྲིས་དང་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མ་འོངས་པར་ཡང་ང་ཚོས་མཐུན་པ་མཉམ་བསྡེབས་དང་མི་མཐུན་པ་སོར་འཇོག་གི་སྒོ་ནས། སྲིད་འབྱོར་རིག་གསུམ་གྱི་ཕྱོགས་གང་ནས་ཀྱང་ཕན་ཚུན་གྱི་འབྲེལ་བ་ཇེ་བཟང་ཇེ་ལེགས་སུ་གཏང་དགོས་ཞེས་ནན་གྱིས་བསྟན། །