བོད་ཡིག་བྲིས་གཟུགས་རྒྱུད་འཛིན་དང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་དར་སྤེལ། ཡིག་གཟུགས་སྒྱུ་རྩལ་རིག་གནས་བརྗེ་རེས་ལ་སྐུལ་འདེད་བྱེད་ཆེད། སྤྱི་ཟླ་7པའི་ཚེས་13ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭ་ནས་སྐབས་གཉིས་པའི་དཀར་མཛེས་ཁུལ་བོད་ཡིག་བྲིས་གཟུགས་ཞིབ་འཇུག་བཤམས་སྟོན་ཚོགས་འདུ་དངོས་སུ་འཚོགས་འགོ་བརྩམས།
ཚེས་13ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་རྩེག་5པའི་བཤམས་སྟོན་ཁང་ནས་ཡིག་གཟུགས་འགྲེམ་སྟོན་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་བའི་ཐང་ག་འགྲེམ་སྟོན་བྱས། འགྲེམ་སྟོན་ཁྲོད། ཁུལ་ཡིག་གཟུགས་ལྷན་ཚོགས་ཀྱི་ཚོགས་མིས་གསར་བྲིས་བརྩམས་ཆོས་དང་ཁུལ་རིག་གནས་ཁང་གིས་འཚོལ་སྡུད་ཉར་ཚགས་བྱས་པའི་གནའ་བོའི་བོད་ཡིག་བྲིས་གཟུགས་བརྩམས་ཆོས་བསྡོམས་པས་100ལྷག་འགྲེམ་སྟོན་བྱས་པ་དང་། རིག་གནས་ཁང་གི་2014ལོར་གསར་བྲིས་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བའི་བརྗོད་དོན་མཚོན་བྱེད་ཀྱི་ཐང་ག་6འགྲེམ་སྟོན་བྱས།
ཐེངས་དེའི་ཞིབ་འཇུག་བཤམས་སྟོན་ཚོགས་འདུ་རུ། ཁྲེན་ཏུའུ་དང་སྡེ་དགེ ལི་ཐང་། གསེར་རྟ། དཀར་མཛེས་སོགས་ནས་ཡོང་བའི་འཐུས་ཚབ་མི་སྣ་དང་སི་ཁྲོན་མི་རིགས་སློབ་གླིང་། ཞིང་ཆེན་བོད་ཡིག་སློབ་གྲྭ ཁུལ་མི་རིགས་ལས་བྱེད་སློབ་གྲྭ། དཀར་མཛེས་ཁུལ་བོད་ཡིག་ཡིག་གཟུགས་ལྷན་ཚོགས་ཀྱི་ཚོགས་མི་དང་དམངས་ཁྲོད་ཆེད་མཁས་པ། མཁས་པ་དང་ཡིག་གཟུགས་དགའ་ཞེན་པ་སོགས་མི་སྣ་26ཚོགས་འདུར་གདན་འདྲེན་བྱས།