ཧོར་བྲག་འགོའི་རིག་གནས་ལོ་རྒྱུས་དཔྱད་གླེང་ཚོགས་འདུ་བྲག་འགོ་རྫོང་དུ་འཚོགས།

ཚེ་བརྟན་དཔལ་གྱིས་བྲིས། རྩོམ་སྒྲིག་པ།ཚེ་བརྟན་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-28



            

ཚོགས་འདུའི་ཡུལ་དངོས།

          ཟླ་7པའི་ཚེས་26ཉིན་གྱི་འཕྲིན་གསར།     སྤྱི་ཟླ་7པའི་ཚེས་26ཉིན། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གུང་བྲག་འགོ་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་ཧོར་གྱི་ལོ་རྒྱུས་རིག་གནས་དཔྱད་གླེང་ཚོགས་འདུ་དེ་དཀར་མཛེས་ཁུལ་གྱི་བྲག་འགོ་རྫོང་དུ་འཚོགས། 

           ཐེངས་འདིའི་ཚོགས་འདུའི་སྟེང་སི་ཁྲོན་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་པ་དང་ཞིབ་འཇུག་པ་ཧོ་ཧྲུའེ་ཕིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དགེ་ལེགས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏུའོ་ཡོན་པིན། སི་ཁྲོན་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་དང་ཞིབ་འཇུག་པ་རེན་ཞིན་ཅན། སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧོའོ་ཝེ། སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧྲི་ཧྲོ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲིན་ཏོན། དེ་མིན་ད་དུང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླེང་དང་སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ལྟེ་གནས། དཀར་མཛེས་ཁུལ་དཔེ་མཛོད་ཁང་། བྲག་འགོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་སོགས་བསྡོམས་པའི་མི་ཉིས་བརྒྱ་ལྷག་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཞུགས། 

          དཔྱད་གླེང་ཚོགས་འདུ་ཐོག་བྲག་འགོ་རྫོང་གི་རྫོང་དཔོན་དཔལ་ལྡན་གྱིས་ཉེ་བའི་ལོ་ཤས་རིང་བྲག་འགོ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོ། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་སོང་བའི་ཐད་ནས་ངོ་སྤྲོད་གནང་།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མས་ཚོགས་འདུ་ལ་འགོ་འཛིན་བྱེད་བཞིན་པ།

          ཧོར་གྱི་རིག་གནས་ནི་བྲག་འགོའི་ཚབ་མཚོན་རང་བཞིན་གྱི་རིག་གནས་ཤིག་ཡིན་པ་དང་། འདིས་རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་དང་རིག་གནས་བརྗེ་རེས་ཀྱི་ཐད་ལ་ནུས་པ་བླ་མེད་ཐོན་ཐུབ། ཚོགས་འདུའི་སྟེང་ཆེད་མཁས་པ་དག་གིས་རིག་གནས་ཀྱི་དར་སྤེལ་དང་རྒྱུན་འཛིན་གྱི་གལ་ཆེའི་རང་བཞིན། རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་རིག་གནས་འཛུགས་སྐྲུན་བྱ་དགོས་ན་ས་གནས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་སྔོག་འདོན་དང་དར་སྤེལ་དུ་གཏོང་དགོས་པའི་གལ་ཆེན་རང་བཞིན་བསྟན།

 


བྲག་འགོ་རྫོང་གི་ཧོར་གྱི་རིག་གནས་ཞིབ་འཇུག་པ་རན་ཀྲང་ཧྲེང་གིས་རིག་གཞུང་བགྲོ་གླེང་བྱེད་བཞིན་པ། 


གནའ་རྫས་རྟོག་ཞིབ་པ་ཧོའོ་ཝེ་ཡིས་རིག་གཞུང་བགྲོ་གླེང་བྱེད་བཞིན་པ།

          ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པ་རེན་ཞིན་ཅན་གྱིས་ཁ་བྱང་ལ་བྲག་འགོའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་དང་དེས་ཁམས་པའི་རིག་གནས་ཁྲོད་དུ་བཟུང་བའི་གོ་གནས་ཞེས་པའི་རིག་གཞུང་སྙན་ཞུ་ཕུལ་པ་དང་། དཔྱད་རྩོམ་འདིར་བྲག་འགོའི་ཡུལ་དངོད་ནས་གསར་དུ་རྙེད་པའི་གནའ་རྫས་ལ་རྟོག་ཞིབ་བྱས་པ་བརྒྱུད་བྲག་འགོའི་ལོ་རྒྱུས་རིག་གནས་ལ་འཚོལ་ཞིབ་དང་ཧོར་གྱི་རིག་གནས་ཁྱད་ཆོས་སོགས་ལ་ཞིབ་འཇུག་གཏིང་ཟབ་པ་བྱས་འདུག  ས་གནས་དེ་གའི་ཧོར་གྱི་རིག་གནས་ཞིབ་འཇུག་པ་རན་ཀྲང་ཧྲེང་གིས་ཁ་བྱང་ལ་ཁམས་པའི་ཧོར་གྱི་རིག་གནས་ཀྱི་ཐོག་མའི་མཐའ་དཔྱད་ཅེས་པའི་རིག་གཞུང་དཔྱད་རྩོམ་བགྲོ་གླེང་གནང་།  རིགས་གཞུང་དཔྱད་རྩོམ་འདིར་ཁམས་པའི་རིག་གནས་ཁྲོད་མངོན་པའི་ཧོར་གྱི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་དང་ཧོར་གྱི་རིག་གནས་ཀྱི་གྲུབ་གཞི་བཅུ་སོགས་གཞིར་བྱས་ནས་ཧོར་ཞེས་པའི་བརྡ་དོན་གསལ་འགྲེལ་དང་ཧོར་གྱི་རིག་གནས་ཀྱི་འབྱུང་ཁུངས། ཧོར་གྱི་རིག་གནས་དང་ཉེ་འགྲམ་གྱི་མི་རིགས་གཞན་པའི་རིག་གནས་བར་གྱི་འབྲེལ་འདྲིས་བཅས་ཀྱི་ཐད་ནས་བགྲོ་གླེང་གནང་།  སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ། གནའ་རྫས་རྟོག་ཞིབ་པ་ཧོའོ་ཝེ་ཡིས་ཁ་བྱང་ལ་བྲག་འགོའི་རྡོའི་དུར་སྒམ་དང་ལྷོ་བྱང་སྔོན་མའི་བརྒྱུད་ལམ་ཞེས་པའི་གནའ་རྫས་རྟོག་ཞིབ་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་གནང་། དཔྱད་རྩོམ་འདིར་རྡོའི་དུར་སྒམ་གྱི་འབྱུང་ཁུངས་དང་རྡོའི་དུར་སྒམ་གྱི་གསར་རྙེད། བྲག་འགོ་ཡུལ་དངོས་ནས་རྙེད་པའི་གནའ་རྫས་ཀྱི་ཁྱད་ཆོས་དང་དུས་རིམ། གནའ་རྫས་དེ་དག་དང་འབྲེལ་བའི་རྒྱབ་ལྗོངས་རིག་གནས་བཅས་ཀྱི་ཐད་ནས་བགྲོ་གླེང་མཛད། དེ་མིན་ཏུའོ་ཡོན་པིན་དང་ཧྲི་ཧྲོ། ཤེས་རབ་ཉི་མ་སོགས་ཆེད་མཁས་པ་དག་གིས་ཀྱང་ཧོར་གྱི་རིག་གནས་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་མཛད་པ་རེད། 

         མཇུག་མཐར་ཆེད་མཁས་པ་ཚོས་བྲག་འགོའི་ཐུན་མོང་གི་ངོས་འཛིན་ཞེས་པའི་བསྒྲགས་ཡིག་ལ་མིང་རྟགས་བཀོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1