ཐེན་ཅིན་པིན་ཧེ་གསར་སྤེལ་ཁུལ་གྱི་ཉེན་ཆེའི་དངོས་མཛོད་ཁང་ཞིག་འགས་གཏོར་བྱུང་ནས་མི་50རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-14


དོན་རྐྱེན་བྱུང་བའི་ཡུལ་དངོས།

  སྤྱི་ཟླ་8པའི་ཚེས་12ཉིན་གྱི་ཆུ་ཚོད་23དང་སྐར་མ་30སྟེང་། ཐིན་ཅིན་པིན་ཧེ་གསར་སྤེལ་ཁུལ་གྱི་རེའུ་ཧེ་སྤྱི་གཉེར་ཁང་གི་ཉེན་ཆེའི་མཛོད་ཁང་འགས་གཏོར་བྱུང་། ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་21བར་མི་50རྐྱེན་ལམ་དུ་ཤོར། དེ་ནང་མེ་སྐྱོན་འགོག་ཟོན་མི་སྣ་17ཡོད། སྨན་ཁང་དུ་མྱུར་སྐྱོབ་བྱེད་པའི་མི་གྲངས་701དང་དེ་གྲས་ལས་མི་70རྨས་ལྗིད་མོ་ཕོག་འདུག མིག་སྔར་མི་བཅུ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མེ་སྐྱོན་འགོག་ཟོན་མི་སྣས་བྲེལ་འཚུབ་ངང་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད། 

  འབར་གས་དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ཐེན་ཅིན་གྲོང་ཁྱེར་གྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་རྨས་མ་མྱུར་སྐྱོབ་དང་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ། མགྱོགས་མྱུར་ངང་མེ་སྐྱོན་ཚོད་འཛིན་བྱེད་པ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་དཔྱོད་ནན་མོ་བྱས་སྟེ་དོན་རྐྱེན་འགན་འཛིན་པར་ཐག་གཅོད་ནན་མོ་བྱེད་པ་དང་།  རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་ཕོག་མཁན་དག་ལ་སེམས་གསོ་ཡག་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་དང་གཏན་འཇགས་བྱ་བ་ནན་གྱིས་བསྒྲུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་བྱེད་པའི་དུས་མཚུངས་སུ་མྱུར་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1