༄༅། །གླིང་གེ་འབྲུག་གི་འཁྲུངས་ལོ་གུང་བསྒྲིགས་ཏེ་དཔྱད་གཞིར་འགོད་པ།

བ་རོད་བསྟན་པའི་རྒྱལ་མཚན། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། 08-17


        དང་པོ། གླིང་གེ་སར་རྒྱལ་པོའི་འཁྲུངས་ལོ།

1)མདོ་སྨད་ཆོས་འབྱུང་ལུགས་ཏེ་རབ་བྱུང་དང་པོ་མ་ཚུགས་པའི་སྔ་རོལ་ཆུ་སྦྲུལ་(993)ལོ་དང་།

2)སི་ཏུ་ཚེ་ཏན་སོགས་ཀྱིས་རབ་བྱུང་དང་པོ་ཚུགས་ཁ་མའི་ལྕགས་བྱི་ལོ་(1000)དང་།

3) གཞན་མཁྱེན་བརྩེའི་རང་རྣམ་དུ་རབ་བྱུང་དང་པོའི་བགྲང་བྱ་དྲུག་པ་ཆུ་སྤྲེལ་(1032)དང་།

4)ད་ལྟ་ཀུན་ཀྱིས་ཕལ་ཆེར་གཅིག་མཐུན་དུ་བཞེད་པ་བླ་མ་མི་ཕམ་རིན་པོ་ཆེ་དང་བདུད་འཇོམས་ཆོས་འབྱུང་སོགས་ཀྱི་ལུགས་ནི་རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་སྟག་(1038)ལོ་སྟེ། ད་དུང་རྗེ་ཁོང་གི་འཁྲུངས་ལོ་ལ་བཞེད་ཚུལ་གཞན་དང་གཞན་ཡང་ཡོད་ཚོད་འདུག་སྟེ་བྱིངས་ལ་གྲགས་ཆེ་བ་ནི་འདི་རྣམས་སོ། །

གཉིས་པ། རྒྱལ་ཡུམ་སེང་ལྕམ་འབྲུག་མོའི་འཁྲུངས་ལོ།

དེ་ཡང་འབྲུག་མོའི་འཁྲུངས་ལོ་ལ་འདི་དང་འདིའོ་ཞེས་ཁ་ཚོན་གཞལ་དཀའ་ཡང་། གླིང་སྒྲུང་རྣམས་སུ། ཀུན་དང་མཐུན་པའི་ཤིང་མོ་ལུག །ཅེས་ཧོར་གླིང་གཡུལ་འགྱེད་སོགས་སུ་གསལ་བར་བཤད་འདུག དེ་ལྟར་ན་དཔྱད་པའི་སྒོ་གཉིས་ཡོང་སྟེ། གཅིག་ཏུ་རབ་བྱུང་མ་ཚུགས་པའི་ཡར་སྔོན་དང་། གཉིས་སུ་རབ་བྱུང་དང་པོའི་ནང་དུ་ཕལ་ཆེར་འགྲིག་དགོས།

1)རབ་བྱུང་དང་པོ་མ་ཚུགས་པའི་སྔ་རོལ་གྱི་ཤིང་མོ་ལུག་སྟེ། ཕྱི་ལོ་995ལ་ཁེལ་བས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་གཅེན་པོ་མངའ་བདག་འོད་སྡེ་དང་དུས་མཉམ་དུ་འཁྲུངས།

2)ཡང་ན་རབ་བྱུང་དང་པོའི་བགྲང་བྱ་ཉེར་དགུ་བའི་ཤིང་མོ་ལུག་སྟེ། ཕྱི་ལོ་1055རེད་པས་སུམ་པའི་ལུགས་ཀྱི་མ་ཅིག་ལབ་སྒྲོན་འཁྲུངས་ལོ་དང་། ལོ་ཆེན་རིན་ཆེན་བཟང་པོ་འདས་པའི་དགུང་གྲངས་དང་གུང་མཉམ།

འདིར་ངེས་དགོས་པ་ཞིག་ལ་གླིང་གེ་སར་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་གཉིས་ལས་དགུང་ན་ཆེ་བ་ནི་འབྲུག་མོ་ཡིན་པ་སྒྲུང་རྙིང་རྣམས་ལས་ཕལ་ཆེར་རྟོགས་ཐུབ་པར་བཤད་པས། གང་ལྟར་ཡང་གླིང་རྗེ་གེ་སར་དང་རྒྱལ་ཡུམ་འབྲུག་མོ་གཉིས་ཀྱི་འཁྲུངས་ལོའི་བཞེད་ཚུལ་དེ་དག་གུང་བསྒྲིགས་ན།

གཅིག  མདོ་སྨད་ཆོས་འབྱུང་ལྟར་ན། འབྲུག་མོ་(འོག་ཏུ་ཨང་རྟགས་1གིས་ཤིང་ལུག་སྔ་མ་དང་། 2ཀྱིས་ཕྱི་མ་མཚོན་པར་བྱས་ཡོད།) 1 གླིང་གེ་སར་ལས་ལོ་གསུམ་གྱིས་ཆུང་ལ། 2 ཡང་ན་བགྲང་བྱ་དྲུག་ཅུ་རྩ་གསུམ་གྱིས་ཆུང་འདུག

གཉིས།  སི་ཏུ་དང་ཚེ་ཏན་ལྟར་ན། འབྲུག་མོ་ 1 གེ་སར་ལས་ལོ་ལྔ་ཡིས་ཆེ་ལ། 2 ཡང་ན་ལོ་གྲངས་ལྔ་བཅུ་རྩ་ལྔས་ཆུང་།

གསུམ།  མཁྱེན་བརྩེའི་རང་རྣམ་ལྟར་ན། འབྲུག་མོ་ 1 གེ་སར་ལས་ལོ་སོ་བརྒྱད་ཀྱིས་ཆེ་ལ། 2 ཡང་ན་ལོ་ཉེར་གསུམ་གྱིས་ཆུང་འགྲོ

བཞི། བླ་མ་མི་ཕམ་སོགས་ཀྱི་བཞེད་པ་ལྟར་ན། འབྲུག་མོ་ 1 གླིང་གེ་སར་ལས་དགུང་ལོ་ཞེ་བཞིས་ཆེ་ལ། 2 ཡང་ན་དགུང་ལོ་བཅུ་བདུན་གྱིས་ཆུང་བར་མངོན་པས་དཔྱད་གཞིའི་རིན་ཐང་ཆེའོ། །

དེ་ལྟར་ཁ་སང་སྟེ་རབ་གནས་ཤིང་ལུག་ལོའི་རྟ་བ་ཟླ་བའི་ཡར་ཚེས་གསུམ་པའི་ཉིན་མོར་གླིང་གེ་སར་དང་འབྲེལ་བའི་འཕྲིན་ཚོགས་ཤིག་ཏུ། ད་ལོ་ནི་སྨན་འབྲུག་མོའི་འཁྲུངས་ལོ་དང་། དེ་རིང་ནི་འཁྲུངས་སྐར་ཡིན་ཞེས་པའི་བགྲོ་གླེང་གནང་འདུག དེ་འཕྲལ་དཔྱད་གཞི་འདི་ཉིད་རེག་ཟིག་གི་ཚུལ་དུ་གླིང་གེ་སར་རིག་གནས་ཞིབ་འཇུག་པ་དག་ལ་ཕུལ་བས་དཔྱད་པར་འཚལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1