གློ་བུར་དུ་རླུང་ལྡང་བ།
སྣང་བ་ཆུ་ཕྲན་ཡིན་ཞིང་རླུང་པོ་ཡིན་པས།།
བདག་ཉིད་བདག་ལ་བྱམས་པ་སུ་ལ་ཡོད་ཅིང་།།
འཁོར་བ་ཆུང་ལ་གཙང་བའི་རི་མོ་ལྗང་ཁུ།།
མིག་ཟུང་རྡོག་པོའི་གྲི་ཟུར་འདབ་མ་གྱུར་བྱུང་།།
སྨུག་སྤྲིན་ལང་ལོང་ལྡང་ཞིང་ཆར་ཆུ་འཇོ་བྱུང་།།
མཁར་རྫོང་ཞེ་དྲགས་མཐོ་བ་ལས་དབང་མ་རེད།།
བདག་གི་ལོ་འཁོར་བརྒྱ་ཚོ་ཚུར་ལ་ལོག་པས།།
གངས་རི་སྟོང་ཕྲག་ཙམ་ཡང་ལམ་ན་བཞད་འདུག།
འབུ་སེར་དག་ལ་གཤོག་སྒྲོ་མཛེས་པ་ཡོད་ཅིང་།།
བར་སྣང་སྤྲིན་གྱི་ལོག་ནས་ཚུར་ལ་ཕེབས་ཚུལ།།
རྟོག་པའི་ཟོལ་ནས་གསང་བའི་མེ་ཏོག་སྐྱེས་པ།།
ཁམས་ལ་སྣང་བའི་རི་བོ་ཆེན་པོ་བཞེངས་སམ།།
ལམ་ནི་རྡོ་བའི་གཙེས་ཤིང་མུན་པའི་དེད་བྱུང་།།
བདག་གི་རྐང་པའི་ང་རྒྱལ་སྲིད་རྩེར་བསྙེག་པ།།
ལོ་ནི་དཀར་ཞིང་རལ་བས་གཙང་པོ་འཁྱུག་འདྲ།།
ལྷ་ཡི་སྣང་བ་དཀར་པོ་བྱིན་རླབས་ལྡེམ་ལྡེམ།།
གཙང་པོ་འབབ་པའི་དེ་རིང་།
གྲིབ་མའི་ལོ་ཟླ་འདྲ་བའི་གཙང་པོ་སླེབས་ཤིང་འོང་བ།།
བདག་གི་གློ་གྲིའི་སྣེ་མོར་ཆུ་ཕྲན་ཟགས་པ་འདྲ་ཞིང་།།
ཁ་བ་མར་འབབ་དག་ནི་ཕ་བོང་ཆེན་པོར་འགྱུར་ཚུལ།།
ཚིག་གི་འདབ་ལོ་ག་ཙམ་ཉིན་མཚན་དཀར་ནག་བྱ་མྱོང་།།
མུན་པ་ཆུ་ལ་བྱིང་ཞིང་ཆུ་ཡིས་གཉེར་མ་བསྡུས་ཏེ།།
རྐས་ཞིང་ས་བོན་བྱས་ཏེ་སྲིད་པའི་རི་ཆེན་སྙེག་པ།།
རྒུན་ཆང་འབབ་པའི་བྲག་དམར་ནུབ་རིའི་ཕག་ལ་ཡིབས་ཚེ།།
འཁོར་བའི་སྡིག་པའི་མེ་ཏོག་སྣང་བའི་གཏིང་ལ་ཟུག་སོང་།།
གཟན་སྣེ་སྨུག་པས་བཏུམས་ཏེ་རླུང་པོའི་རྡུལ་ཕྲན་གཏོར་འདྲ།།
ཕ་མཐའི་རྨི་ལམ་ཁྲི་ཕྲག་དགའ་སྐྱོ་ལྔ་ཡིས་བྲིས་ཤིང་།།
འཆར་སྒོའི་གྲུ་ཆུང་དོག་པོ་སྨུག་སྤྲིན་རླབས་ཀྱིས་དེད་པ།།
རས་ཀྱི་ཡོལ་བའི་ཕག་ན་གསལ་ལ་མི་གསལ་བྱེད་དོ།།
ཉིན་ཞག་རྔུལ་ཆུས་བྲིས་ཤིང་ལོ་ཟླ་སྔངས་པའི་བསྐྱལ་ཏེ།།
སྤྲིན་ནག་ཁོག་ཏུ་འཚུབས་ཏེ་ཆར་ཟིམ་ལྐོག་ནས་འཐོར་བ།།
ཚོར་བའི་གཏིང་ལ་བྲིས་ཤིང་རུས་པའི་རྐང་ལ་འབྱར་ཚུལ།།
ལུང་པའི་ཕུག་ནས་མྱངས་ཤིང་ཁང་པའི་གྱང་ངོར་དོད་ཡོད།།
སྣང་ཞིང་སྟོང་བའི་འཁོར་བ།
འདི་ན་རི་བོ་ཞིག་གིས་གྲིབ་གཟུགས་འཁྱིལ་ཞིང་།།
རོལ་དབྱངས་སྣ་ཚོགས་རླུང་པོའི་ཕྱོགས་སུ་ཁྱེར་བ།།
སྣང་བ་ཁྲི་འབུམ་གཙེས་པའི་ལོགས་སུ་བཞག་སྟེ།།
གཟི་ཡི་ཕོ་བྲང་དཀར་པོ་རྒྱང་ལ་བྱོན་ལ་སོང་།།
བདག་ནི་གཙང་པོའི་པང་ནས་གསེར་ཉྭ་བྱས་ཤིང་།།
ནགས་ཚལ་གཙང་པོའི་འཁྲིས་སུ་ཚུར་ལ་འོང་ངོ་།།
ཆར་ཟིམ་མར་ལ་བྲུལ་བ་བསིལ་ཞིང་རླན་པས།།
རྨི་ཐག་གངས་དཀར་རི་བོའི་མགུལ་ལ་བསྐྱང་བྱུང་།།
སོ་སྐྱེས་རས་ཡུག་ཅིག་གི་མཐིལ་ལ་བཅུམས་སྟེ།།
སྲ་ལོ་དཀར་ནག་མེད་པར་ཁྲག་གིས་བརླན་ཞིང་།།
ཕོར་བ་འདི་ལ་ཆང་དཀར་ཨ་རག་འཁྱིལ་ཚེ།།
རྨི་ལམ་སུམ་བརྒྱ་དྲུག་ཅུ་རྟོག་བཏགས་བྱེད་ཆོག།
སྣང་བའི་མེ་ཕུང་བྱེ་རླུང་དྲགས་ཏུ་ལྡང་བས།།
སྤྲིན་ནག་ལེབ་མོ་ཆར་ཆུས་ཚུར་ལ་བསུས་འོང་།།
མི་ལ་གཤོག་པ་ཐོག་སྟེ་བར་སྣང་སྙེག་ཚུལ།།
ཁྱོད་ཀྱི་གྲིབ་གཟུགས་ནང་ལ་རྐང་པ་འབྲི་བསམ།།
མུན་པའི་མུན་པ་དེད་དེ་མུན་པར་སྙེག་ཞིང་།།
བྱུ་རུའི་འཁང་པ་ཡིག་འབྲུའི་གསེབ་ནས་འཚོལ་བ།།
དབྱུག་པའི་ལོ་འདབ་ལྗང་ཁུ་མཚོ་མོར་ཐིམ་འདྲ།།
རྣམ་ཤེས་གཙང་པོ་བཞིན་དུ་དཀར་ཞིང་དྭངས་སོ།།