ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལེ་སི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལེ་སི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོར། ཀྲུང་གོ་དང་ཨ་མེ་རི་ཁས་རིམ་པ་སོ་སོ་ནས་འབྲེལ་འདྲིས་དང་འགྲོ་འོང་དམ་པོ་བྱེད་རྒྱུ་སྲུང་འཛིན་བྱས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་སྐོར་ཐེངས་བདུན་པ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་བརྗེ་རེས་མཐོ་རིམ་གྲོས་མོལ་སྐོར་ཐེངས་དྲུག་པའི་སྟེང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀར་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་གི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་ནས་རྒྱ་བསྐྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་ཀུན་གྱིས་ཡིད་འཇོག་ཆེན་པོ་བྱེད་པའི་གནད་དོན་ལ་དོ་དམ་དང་ཚོད་འཛིན་བྱས་ནས། ཧུར་ཐག་སྒོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་བཟང་བོ་བསྐྲུན་འདོད་ཡོད་ཟེར།

ལེ་སི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་སྐབས་འདིར་ཙུང་ཐུང་ཨོ་པ་མ་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་འཁྲུག་ཆེན་དེའི་སྐབས་སུ་བྱས་རྗེས་ཆེན་པོ་བཞག་པ་དང་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་མཛའ་བཤེས་ཟབ་མོ་ཆགས་པར་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། ཙུང་ཐུང་ཨོ་པ་མ་དང་ཨ་མེ་རི་ཁ་སྲིད་གཞུང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་འགལ་བ་སྣ་ཚོགས་ལུགས་མཐུན་སྒོས་ཐག་གཅོད་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1