ཉེ་སྔོན། དོན་འགྲུབ་ནོར་བུ་དང་ལྕང་ཏོག་བུ་ཆུང་། པདྨ་རིག་འཛིན་བཅས་ཀྱིས་སྒྲིག་རྩོམ་གནང་བའི《བོད་རྒྱ་ཨིན་གསུམ་ལས་རིགས་ཁ་བརྡ》ཞེས་པའི་དཔེ་དེབ་འདི་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་།
སྤྱིར་ན་བོད་ཁུལ་དུ་བོད་རྒྱ་ཨིན་གསུམ་གྱི་བསླབ་དེབ་མང་པོ་མེད་ལ། ཉུང་ཤས་ཤིག་ཡོད་པ་ཡང་ལས་རིགས་ཁ་བརྡ་གཙོ་བོར་བཟུང་བའི་བོད་རྒྱ་ཨིན་གསུམ་གྱི་བསླབ་དེབ་མིན་པར་བརྡ་སྤྲོད་དང་སྟབས་བདེའི་ཁ་བརྡ་སོགས་ཡིན་པས་བསླབ་དེབ་འདི་ལ་དེ་དག་ལས་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ལས་རིགས་ཁ་བརྡ་གཙོ་བོར་བཟུང་ཡོད་པས་རྣམ་པ་ཚོའི་འདོད་མོས་སྐོང་ཐུབ་པར་སྨོན།
བསླབ་དེབ་འདི་ལས་བོད་རྒྱ་ཨིན་གསུམ་གྱི་ཁ་བརྡ་སློབ་ཐུབ་པར་མ་ཟད། མི་རིགས་གཞན་གྱི་ཚོང་ལས་ཀྱི་སྒྲིག་གཞི་དང་ལྟ་སྤྱོད། བསམ་བློ་སོགས་ཚོང་ལས་སྐོར་གྱི་རྒྱུན་ཤེས་འགའ་རེར་ཡང་བག་ཆགས་རེ་འཇོག་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
ཀློག་པ་པོ་རྣམས་ཀྱིས་བསླབ་དེབ་འདི་རང་སྦྱོང་བྱེད་བདེ་ཆེད། བསླབ་དེབ་ནང་གི་སྡེ་ཚན15ཆ་ཚང་བོད་རྒྱ་ཨིན་གསུམ་གྱི་སྒྲར་ཕབ་ཡོད་ཅིང་། བོད་སྐད་ལ་ཡུལ་སྐད་ཀྱི་ཁྱད་པར་ཡོད་པས་བོད་སྤྱི་ལ་ཁྱབ་པའི་གདངས་ཤིག་ཡོང་ཁག་པོ་ཡིན་ཡང་། སྒྲ་འདོན་པ་པོ་རྣམས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཡིག་སྐད་ལ་ཕྱོགས་ཡོད་པས། མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཀློག་པ་པོ་ཡོངས་ལ་ཕན་པ་རེ་འབྱུང་བར་ཞུ།
རྒྱ་སྐད་ཀྱི་སྐད་ཕབ་མཁན་ནི་པེ་ཅིང་གི་ཆེད་ལས་མི་སྣ(རྒྱ་རིགས)འགའ་ཡིན་པ་དང་། ཨིན་སྐད་ནི་ཨ་མེ་རི་ཁའི་ཕྱི་གླིང་ཆེད་མཁས་པ་འགས་སྐད་ཕབ་པ་ཡིན། སྐད་ཀྱི་ཕྱོགས་ནས་སྐད་རིགས་སོ་སོའི་ཁྱད་ཆོས་དང་སྒྲ་གདངས་ཡང་དག་པར(MP3)དུ་བཅུག་ཡོད།
མཇུག་མཐར་བསླབ་དེབ་འདི་ཞུ་དག་གནང་མཁན་དང་དཔར་བསྐྲུན་བྱེད་རོགས་གནང་མཁན། ཐོག་མཐའ་བར་གསུམ་དུ་རོགས་རམ་ཚད་མེད་གནང་མཁན་དྲིན་ཆེན་ཕ་མ་སྤུན་མཆེད་གཙོས་དགེ་བའི་བཤེས་གཉེན་དང་གྲོགས་པོ་གྲོགས་མོ། སློབ་གྲོགས་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ།།