མ་རིང་བའི་སྔོན་ལ་ལུང་པ་ཞིག་ལ་ཞིང་པ་གཡུ་སྒྲོན་འབོད་པའི་མི་གཅིག་ཡོད་པ་རེད། ཉིན་ཞིག་གི་དབྱར་ཁར་ཞིང་པ་གཡུ་སྒྲོན་ཞིང་ནང་རྩྭ་ངན་འཐུ་བར་ཕྱིན་པས་ཞིང་ནང་ལ་ལོ་ཏོག་ལྡེམ་ལྡེམ་དུ་སྐྱེས་ཡོད་པ་མཐོང་ཞིང་སེམས་ལ་བརྗོད་དུ་མེད་པའི་དགའ་སྤྲོ་ཆེན་པོ་བྱུང་བ་རེད། དེ་ཉིན་རྩྭ་ངན་རྣམས་མེད་པ་བཟོས་ཚར་རྗེས་དགའ་བའི་འཛུམ་མདངས་ཞིག་འཁྱེར་ནས་ནང་ལ་ལོག་ཞིང་ཟ་མ་བཟོས་ནས་རང་གི་ཁྱོ་བོ་ཟླ་བ་སྒུག་ནས་བསྡད། ཁྱོ་བོ་ནང་ལ་སླེབས་པ་དང་ནམ་རྒྱུན་ཁྱོ་བོས་ཟ་མ་ཟས་རྗེས་ཀྱི་ཕོར་པ་སེར་པོ་དེ་གཙང་མར་འཁྲུས་ནས་ཞིང་པ་གཡུ་སྒྲོན་གྱི་འཛུམ་དམུན་དམུན་ངང་ཟས་བླུགས་ནས་ཁྱོ་བོར་སྤྲད་སྟེ་ཟ་མ་བཟའ་ཞོར་ལ་ཞིང་པ་གཡུ་སྒྲོན་ཁྱོ་བོ་ཟླ་བ་ལ་"ད་ལོ་ང་ཚོར་ལོ་ལེགས་ཡག་པོ་འདུག དེ་རིང་ང་ཞིང་ལ་ཕྱིན་པ་ཡིན་པས་ལོ་ཏོག་རྣམས་ལྡེམ་ལྡེམ་ངང་སྐྱེས་འདུག་"ཅེས་བཤད་པས་ཁྱོ་བོ་སེམས་ཡང་དགའ་བའི་ངང་ནས་"ཡག་པོ་བྱུང་། ཡག་པོ་བྱུང་། དཔྱིད་ཀར་ཞིང་ལ་གཡོ་བྱེད་ཡག་པོ་བྱུང་བའི་འབྲས་བུ་རེད་"ཅེས་བཤད། དེ་ལྟར་སྐད་ཆ་ཕར་བཤད་ཚུར་བཤད་བྱས་ནས་ཉི་མ་ནུབ་ཟིན། གཟའ་ཉི་མའི་ཞོགས་པ་ཞིང་པ་གཡུ་སྒྲོན་སྔ་པོ་ནས་ལངས་སྟེ་ནང་ལ་བ་ཕྱུག་བཞི་ཡོད་པ་དེ་དག་ལ་ཁ་ཁུ་དང་རྩྭ་སྐམ་པོ་སོགས་སྟེར་ཞིང་ལྕི་བ་རྣམས་སྒྲུག་ནས་གྱང་འདེབས་ལ་སྦྱར་ དེ་བཞིན་ཁོ་མོས་ནང་ལས་ཚང་མ་བྱས་ཟིན།
དེ་ནས་ཇ་ཕོར་པ་གང་བཏུང་ནས་ཁྱོ་བོ་ཟླ་བ་ལ་"ང་ཞིང་ནང་ལ་རྩ་ངན་དེ་ཚོ་གཏོག་བར་འགྲོ་མཁན་ཡིན་ཁ་སང་ཚར་མ་སོང་"ཞེས་བཤད་ནས་སླར་ཡང་ཞིང་ནང་ལ་རྩྭ་ངན་འཐུ་བར་ཕྱིན། སྐབས་དེ་དུས་ཏག་ཏག་སྟབས་མི་ལེགས་པ་ཞིག་ལ་ཞིང་ཁའི་ནང་གྱི་ལོ་ཏོག་ལྡེམ་ལྡེམ་འཁྱུག་འཁྱུག་དེ་དག་བ་ཕྱུགས་དང་རྟ་ཡིས་ཉལ་སར་ཉལ་ ཟས་སར་བཟས་ནས་སྟོན་འབྲས་རྣམས་ཕན་མི་ཐོག་པའི་གནས་སུ་ལྷུང་། ཞིང་པ་གཡུ་སྒྲོན་སེམས་ལ་གྲང་ཤུར་རྒྱབ་ཞིང་འབྲེལ་འབྲེལ་ཚུབ་ཚུབ་ངང་ཙུའུ་ཀྲང་མིག་དམར་འཚོལ་བར་ཕྱིན་པ་རེད། ཙུའུ་ཀྲང་མིག་དམར་དང་ཞིང་པ་གཡུ་སྒྲོན་གྱི་ཁྱིམ་བར་་ལ་གཙང་པོ་ཆེན་པོ་ཞིག་ཡོད་པས་ཤིང་གྱི་ཟམ་པ་ཆེན་པོ་རྒྱབ་ཡོད་པ་རེད།
ཡིན་ཡང་། ཞིང་པ་གཡུ་སྒྲོན་འབྲེལ་བ་ཆེ་བའི་སྟབས་ཟམ་སྐོར་བར་མ་ཕྱིན་པ་མ་ཟད་ལྷམ་ཡང་མ་ཕུད་ དོར་མ་ཡང་མ་རྫེད་པར་ཆུ་བོ་བརྒལ་ཞིང་ཕྱིན། གཙང་པོའི་ཕ་རོལ་ལ་སླེབས་རྒྱུ་ཕར་ཞོག་ཆུ་བོ་རྒྱུགས་ཤེས་ཆེ་བས་ཞིང་པ་གཡུ་སྒྲོན་ཆུ་བོས་ཁྱེར་ཕྱིན་པ་རེད། སྐབས་དེ་དུས་གཡུ་སྒྲོན་གྱི་སྐད་ཤུགས་ཆེན་པོས་ཞེས་སྐད་ཤུགས་ཆེན་པོས་འབོད་པ་རེད། སྐད་ཆ་དེ་ཨ་ཁུ་ལུག་རྫི་བ་ཞིག་གིས་ཐོས་ནས་"ཅོག་མིག་དམར་མི་འདུག་སང་ཉིན་ཤོག་ཞེས་བཤད། སྦྲགས་སྐད་རྒྱབ་པས་ཨ་ཁུ་ལུག་རྫི་བ་གོ་ལོག་ཐེབ། ཅོག་མིག་དམར་མི་འདུག་སང་ཉིན་ཤོག་ཞེས་ཞིང་པ་གཡུ་སྒྲོན་སྐྱབས་མཁན་མི་བྱུང་བར་ཆུ་བོས་ཁྱེར་ནས་གར་སོང་མ་རྙེད།