༄༅།། རྒྱལ་རོང་བའི་དགའ་ལྡན་ཁྲི་ཆེན་བདུན་གྱི་ལོ་རྒྱུས།

དགེ་འདུན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 09-15




1.ཁྲི་ཆེན་བློ་བཟང་སྨོན་ལམ།
  ཁོང་ནི་དགའ་ལྡན་ཁྲི་ཐོག་རེ་གཉིས་རེད།མདོ་སྨད་རྒྱལ་རོང་གི་ཡུལ་སྤྲོ་སྣང་དུ་རབ་བྱུང་བཅུ་གཉིས་པའི་ས་བྱ(སྤྱི་ལོ1729)ལོར་འཁྲུངས།འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུ་དང་སློབ་གཉེར་མཛད།དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག(སྤྱི་ལོ1784)ལོར་རྒྱལ་རྩེ་ཆོས་རྗེ་དང་།དེའི་ཕྱི་ལོ་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས།
2.ཁྲི་ཆེན་བློ་བཟང་ལྷུན་གྲུབ།
  ཁོང་གི་དགའ་ལྡན་ཁྲི་ཐོག་དོན་བཞི་པ་རེད།རབ་བྱུང་བཅུ་གསུམ་པའི་ལྕགས་གླང(སྤྱི་ལོ1781)ལོར་རྒྱལ་མོ་ཚབ་རོང་དུ་སྐུ་འཁྲུངས།དགུང་ལོ་དྲུག་པའི་ཐོག་གྲྭ་རྒྱུན་དང་མཉམ་དུ་དབུས་སུ་ཕེབས།སེར་སྨད་གྲྭ་ཚང་དང་།རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད་དེ།གཞུང་ཆེན་པོ་ལྔའི་སློབ་གཉེར་ཐོན་ནས།དགུང་ལོ་སོ་གསུམ་པར་དགུན་ཁའི་དགེ་བཤེས་གླིང་བསྲེ་གནང་། དགུང་ལོ་སོ་དྲུག་པར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མིག་དཔེར་འོས་པ་མཛད།དེ་ལོའི་དབྱར་ཐོག་རྒྱུད་སྨད་དུ་ཞུགས་ནས་ལོ་བཅུའི་རིང་གསང་སྔགས་ཀྱི་སློབ་གཉེར་གནང་།དགུང་ལོ་ཞེ་དྲུག་པར་རྒྱུད་སྨད་བླ་མ་དབུ་མཛད་དང་།དགུང་ལོ་ཞེ་བདུན་པར་རྒྱུད་སྨད་མཁན་པོ།དགུང་ལོ་ང་བདུན་པར་བྱང་རྩེ་ཆོས་རྗེའི་ཁྲི་ཕེབས། དགུང་ལོ་རེ་གསུམ་པར་དགའ་ལྡན་ཁྲིར་ཕེབས།དེའི་ཕྱི་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་ཕེབས།དགའ་ལྡན་ཁྲི་ལོ་བཞི་བསྐྱངས།དགུང་གྲངས་རེ་དྲུག་ཐོག་སྐུ་གཤེགས།
3.ཁྲི་ཆེན་མཁྱེན་རབ་དབང་ཕྱུག
  ཁོང་ནི་དགའ་ལྡན་ཁྲི་ཐོག་དོན་དྲུག་པ་རེད།སྡེ་དྲུག་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡིན།འཁྲུངས་ཡུལ་རྒྱལ་རོང་སྤྲོ་སྣང་ཡུལ་ཡིན་ཞིང་།སྐུ་གཞོན་ནུའི་དུས་སུ་འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུ་ཐོག་གཞུང་ཆེན་པོའི་སློབ་གཉེར་ལེགས་པར་གྲུབ་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་དང་དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་རྒྱ་ཆེར་མཛད།རིམ་བཞིན་བླ་མ་དང་དབུ་མཛད་དང་།མཁན་པོ།བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས།རབ་བྱུང་བཅུ་བཞི་པའི་ཆུ་གླང(སྤྱི་ལོ1843)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་བདུན་རིང་མཛད་སྒོ་རྣམས་ལེགས་པར་གྲུབ་ནས་ཟུར་བཞུགས་གནང་མུས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས།རབ་བྱུང་བཅུ་བཞི་པའི་ཤིང་བྱི(སྤྱི་ལོ1865)ལོར་ཡོངས་འཛིན་ཁྲི་ཟུར་མཁྱེན་རབ་དབང་ཕྱུག་ལ་གནས་སྐབས་རིང་སྲིད་སྐྱོང་གི་ལས་དོན་གནང་རྒྱུའི་སྐོར་སོགས་བོད་བཞུགས་ཨམ་བན་གྱིས་ཐག་གཅོད་བྱས་ཐོག  གོང་མ་ཐུང་ཁྲི་ལ་སྙན་ཞུ་ཕུལ་བ་བཞིན་རབ་བྱུང་བཅུ་བཞི་པའི་ཤིང་གླང(སྤྱི་ལོ1871)ལོར།སྤྱི་མཁན་པོ་དཔལ་ལྡན་དོན་གྲུབ་དང་བཤད་སྒྲ་བཀའ་བློན་ཚེ་རིང་དབང་ཕྱུག་མཉམ་འབྲེལ་ཐོག་བསླངས་པའི་དགའ་ལྡན་ཟིང་འཁྲུགས་ཟེར་བ་བྱུང་།དེར་ས་གནས་སྲིད་གཞུང་གིས་དྲག་གནོན་བྱས་རྗེས།དེའི་ཕྱི་ལོར་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེ་ཉིད་ཀྱང་སྐུ་གཤེགས།དེ་རྗེས་སྐུ་ཕྲེང་རིམ་པར་བྱུང་བ་སྡེ་དྲུག་ཧོ་ཐོག་ཐུ་ཞུ་བ་དེ་ཡིན།
4.ཁྲི་ཆེན་འཇམ་དབྱངས་དམ་ཆོས།
  ཁོང་ནི་དགའ་ལྡན་ཁྲི་ཆེན་དོན་བརྒྱད་པ་རེད།ཁམས་རྒྱལ་རོང་ཡུལ་དུ་སྐུ་འཁྲུངས།འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུ་མཛད།དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྨད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང་།མཁན་པོ།བྱང་རྩེ་ཆོས་རྗེ་བཅས་རིམ་པར་བརྒྱུད་དེ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ(སྤྱི་ལོ1896)ལོར་དགའ་ལྡན་ཁྲིར་ཕེབས།ཁྲི་ལོ་བདུན་བསྐྱངས་ནས་གཤེགས།
5.ཁྲི་ཆེན་ཡེ་ཤེས་ཆོས་འཕེལ།
  ཁོང་ནི་དགའ་ལྡན་ཁྲི་ཐོག་གྱ་གཉིས་པ་རེད།རྒྱལ་རོང་དར་མདོར་འཁྲུངས།འབྲས་སྤུངས་བློ་གསལ་གླིང་ཁང་ཚན་དུ་ཆོས་ཞུ་མཛད།གཞུང་ཆེན་པོར་ཐོས་བསམ་ལེགས་པར་གྲུབ་ནས་དགེ་བཤེས་ལྷ་རམས་པ་དང་།དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་བླ་མ་དབུ་མཛད་དང་།མཁན་པོ།བྱང་རྩེ་ཆོས་རྗེ་བཅས་ཁྲིར་ཕེབས།རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག(སྤྱི་ལོ1880)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་བསྐྱངས།
6.ཁྲི་ཆེན་བྱང་ཆུབ་ནམ་མཁའ།
  ཁོང་ནི་དགའ་ལྡན་ཁྲི་ཐོག་གྱ་གསུམ་པ་རེད།རྒྱལ་རོང་ཅོག་ཙེའི་ཡུལ་དུ་འཁྲུངས།དབུས་སུ་བྱོན་ནས་སེར་སྨན་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུ་མཛད་དེ་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པ་ཐོན། དེ་ནས་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་རྒྱ་ཆེར་མཛད་དེ་རིམ་བཞིན་རྒྱུད་སྟོད་བླ་མ་དབུ་མཛད་དང་། མཁན་པོ།ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅོ་ལྔ་པའི་མེ་ཁྱི(སྤྱི་ལོ1886)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔ་བསྐྱངས་མུས་སུ་སྐུ་གཤེགས།

7.ཁྲི་ཆེན་བློ་བཟང་ཚུལ་ཁྲིམས།
  ཁོང་ནི་དགའ་ལྡན་ཁྲི་ཐོག་གྱ་བཞི་པ་རེད། རྒྱལ་རོང་ཅོག་ཙེའི་ཡུལ་དུ་འཁྲུངས།དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུ་མཛད་དེ་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་ལེགས་པར་གྲུབ་ཏེ་རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང་། མཁན་པོ།བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས།རབ་བྱུང་བཅོ་ལྔ་ལྕགས་སྟག(སྤྱི་ལོ1890)ལོར་དགའ་ལྡན་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་བསྐྱངས།

  མཇུག་བསྡུ་བའི་གཏམ། སྤྱི་ལོ1776ལོར་རྒྱ་ནག་གོང་མས་བོན་དགོན་གཡུང་དྲུང་ལྷ་སྟེང་དེ་དགའ་ལྡན་ཞེས་པའི་དགེ་ལུགས་པའི་དགོན་པར་མ་བསྒྱུར་བའི་གོང་དུ།རྒྱལ་རོང་ཡུལ་དུ་བོན་ཆོས་དང་གྲུབ་མཐའ་རྙིང་མ་དར་ཆེ་ལ།དེ་ནས་བཟུང་རི་བོ་དགེ་ལྡན་པའི་གྲུབ་མཐའ་རྒྱལ་མོ་ཚ་བ་རོང་དུ་དར་འགོ་ཚུགས་པ་རེད། དེ་ཡང་སྤྱི་ལོ1784ལོར་རྒྱལ་མོ་ཚ་བ་རོང་བའི་ཁྲི་ཆེན་དང་དགའ་ལྡན་ཁྲི་ཐོག་རེ་གཉིས་པ་བློ་བཟང་སྨོན་ལམ་ནས་སྤྱི་ལོ1959ལོའི་བར་དུ།ཁྲི་རབས་ལྔ་རེའི་ནང་དུ་རྒྱལ་རོང་བ་གཅིག་བྱུང་གི་ཡོད་ལ།རྒྱལ་རོང་ཡུལ་ནི་གནའ་དུས་ནས་བཟུང་བོད་ཀྱི་རིག་གནས་ཧ་ཅང་དར་ཁྱབ་ཆེ་བའི་ས་ཆ་ཞིག་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད།



རྩོམ་ཡིག་སྔོན་མ།
༄༅།། བཞད་གད་ཀྱི་སྒྲུང་གཏམ།
རྩོམ་ཡིག་རྗེས་མ།
༄༅།།ཡིག་གཟུགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1