ཞི་ཅིན་ཕིང་གིས་གསར་འགྱུར་ཚོགས་པའི་ལག་བསྟར་འགན་འཛིན་པ་མོའོ་ཏོ་ཁེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-20


  སྤྱི་9ཟླ་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་ཚོགས་པའི་ལག་བསྟར་འགན་འཛིན་མོའོ་ཏོ་ཁེ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་གཉིས་ནི་འཛམ་གླིང་གི་ཆེས་གལ་ཆེ་བའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་དང་མཉམ་འབྲེལ་གྱི་སྟོབས་ཆེན་པོ་ལྡན། ང་དང་ཨ་རིའི་སྲིད་འཛིན་ཨོ་པཱ་མའི་ཐུན་མོང་གི་ངོས་འཛིན་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་འདུ་ལས་རིང་དུ་བརྒལ་བ་དེ་རེད། ཕྱོགས་གཉིས་ཀས་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གསར་བ་ཞིག་སྟེ་འགལ་བ་དང་ངོ་རྒོལ་བྲལ་ལ། ཕན་ཚུན་བརྩི་འཇོག་དང་མཉམ་འབྲེལ་གྱི་འབྲེལ་ལམ་ཞིག་བསྐྲུན་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན། མིག་སྔར་ཀྲུང་གོ་དང་ཨ་རི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ལས་རིགས་སོ་སོའི་མི་སྣའི་ཐུན་མོང་གི་འབད་བརྩོན་འོག་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་འབྲས་བུ་བཟང་པོ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དོན་གྱི་ཁེ་ཕན་སྐྲུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལའང་སྐུལ་འདེད་ཀྱི་ཕན་ནུས་ཐོན་ཡོད་ཅེས་བསྟན་། 

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་རྒྱལ་ཕྱིའི་གསར་ལམ་ཁག་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་པ་དང་ཕྱི་རྒྱལ་གྱི་གསར་ལམ་ཁག་དང་གསར་འགོད་པ་མང་པོ་ཞིག་ཀྲུང་གོར་བཅར་འདྲི་ཡོང་བར་དགའ་བསུ་ཞུ་ངེས། འཛམ་གླིང་ཡོངས་ལ་ཀྲུང་གོའི་འཕེལ་རྒྱས་ངོ་སྤྲོད་དང་ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་མི་དམངས་སོ་སོའི་མཉམ་འབྲེལ་དང་ཕན་ཚུན་རྒྱུས་ལོན་བྱ་བར་སྐུལ་འདེད་གཏང་ངེས་ཞེས་བསྟན།

  མོའོ་ཏོ་ཁེ་ཡིས་ཨ་རི་དང་ཨ་རིའི་གསར་ལམ་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་ཡོང་པར་ཚད་མཐོ་བའི་དོ་སྣང་བྱེད་བཞིན་ཡོད་ལ། ཁྱེད་ཀྱི་ཐེངས་འདིའི་རྒྱལ་དོན་འཚམས་འདྲིའི་སྐབས་ཀྱི་ཨ་རིའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལའང་དོ་ཁུར་བྱེད་བཞིན་ཡོད། ངས་ཁྱེད་ཀྱི་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་ལ་རྒྱལ་ཁ་ཐོབ་པར་སྨོན་འདུན་ཞུས་པ་དང་ངེད་གསར་འགྱུར་ཚོགས་པའི་ཁོངས་གཏོགས་ཚགས་པར་《ཧྭ་ཨར་ཁྲོམ་ལམ་གྱི་ཉིན་རེ་ཚགས་པར།》སོགས་གསར་ལམ་གྱིས་ཕྱོགས་ཡོངས་ནས་ཁྱེད་ཀྱི་ཐེངས་འདིའི་རྒྱལ་དོན་འཚམས་འདྲིའི་གནས་ཚུལ་སྤེལ་ངེས་ཡིན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་འགན་སྲུང་རེད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1