༄༅།།བོད་ཀྱི་རྒྱན་གོས་ངོ་སྤྲོད།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཝེ་ཁེ་རིག་མཛོད་དྲ་བ། སྤེལ་དུས། 09-21



  གྲོང་ཁུལ་གྱི་སྐྱེས་པ་ཕལ་ཆེར་སྐྲ་ལྕང་ལོ་གཅིག་ལྷས་པའི་སྣེ་མོར་ཤན་གྱི་སྐྲ་གཞུག་དམར་པོ་རྩ་བ་ལྷས་མ་གཅིག་གི་སྣེ་མོ་ངོ་གཅིག་ལ་ཏུང་ཆབ་ཚོམ་བུ་གཅིག་དང་། ངོས་གཅིག་ལ་ཏུང་ཆབ་ཚོམ་བུ་གཉིས་ཡོད་པའི་རྩ་བར་རྒྱ་ནག་ལྕགས་རི་སོགས་ཀྱི་འཆིང་བརྒྱབ་པ་ཞིག་བཏགས་པའི་ལྕང་ལོ་རྒྱབ་ཏུ་གློད། རྣ་བ་གཡས་ལ་གཡུ་ཆུང་ཞིག་དང་། རྣ་བ་གཡོན་པར་རྣ་ལོང་གཡུ་ཕྲ་ཅན་ཞིག་བཏགས། རང་འཁོས་ལ་གཞིགས་པའི་གོས་ཆེན་ནམ། ཐེར་མ། རས། སྣམ་བུ་སོགས་ཀྱི་དོར་མ་དང་ཕྱུ་པའི་སྒབ་མཇུག་པུས་མོ་མ་མཐོང་ཙམ་བར་སྡོག་སྟེ་རྒྱབ་ཏུ་རྐུབ་སུལ་བཞི་སྒྲིག (རྐུབ་སུལ་མང་པོ་བསྡུས་ན་དཀྲོག་དཀྲོག་ཏུ་བརྩི)ལྷམ་སྤུ་མའི་ཤོལ་རྩེ་དང། ཀོ་བའི་ཤོལ་རྩེ། འཇུར་རྟ། ཟོམ་པ་སོགས་གྱོན། བར་ལམ་གཞོན་ནུ་ཕལ་ཆེ་བས་ལོ་གསར་དང་དུས་ཆེན་མ་གཏོགས་དུས་རྒྱུན་ཀོང་སྐྲ་ཞེས་ལྕང་ལོ་གཉིས་ལྷས་པའི་སྐྲ་གཞུག་སི་ཤན་ལྷུག་མ་དཀྱིལ་དུ་མདུད་པ་ཅན་རེ་སྒར་ཏེ་ལྕང་ལོ་མགོ་བོར་དཀྲིས། དེ་སྔ་སྐྱེས་པ་ཚོས་འོག་འཇུག་དཀར་པོ་ཁོ་ན་གྱོན་གྱི་ཡོད་ཀྱང་། ཕྱིས་ན་གཞོན་ཚོས་འོག་འཇུག་ཁྲ་ཁྲ་དང། སྔོ་དཀར་སོགས་གྱིན། སྨན་པའམ་སློབ་དགེ། མི་དྲག་ཁག་གི་ཕྱག་མཛོད་སོགས་མིང་གྲགས་ཅུང་ཡོད་པའི་རྒན་གྲས་ཚོས་སྐྲ་ལྕང་ལོ་གཅིག་རྐྱང་དང། འོག་འཇུག་དཀར་པོའི་གོང་བ་ཕྱུ་པའི་སྟེང་དུ་སློག ཕྱུ་པར་སྐེད་ཟུར་གཉིས་སྤྱད་པའི་སྐེ་རགས་དམར་པོ་ཁོ་ན་བཅིངས་ཤིང། གོས་སྣེ་འཇོལ་འཇོལ་བྱེད། ལྷམ་ཕལ་ཆེར་སྤུ་ཤོལ་དང། ཟོན་པ་གྱོན། རྣ་བ་གཡོན་པར་སོགས་བྱིལ་བཏགས་ཀྱི་ཡོད། སེར་སྲུང་སྔགས་པ་ཚོ་གྱོན་པ་གྱོན་སྟངས་གོངས་མཚུངས་ལ་རྣ་བ་གཉིས་ཀར་རྣ་ལོང་གཡུ་ཕྲ་ཅན་ཆུང་ཆུང་རེ་འདོགས་སྲོལ་ཡོད། མགོ་རིལ་ཡིན་ན་འོག་འཇུག་གོང་བ་རྩེ་རྣོ་ཅན་ལོ་ཧང་དང། སེར་པོ། ཕྱུ་པ་དམར་པོའམ། རྒྱ་སྨུག ལྷམ་སྨུག་ཤས་ཆེ་བགྱོན། ཕྱུ་པའི་སྣེ་ཡང་ལྷམ་སྒྲོག་མ་མཐོང་ཙམ་སྡོག ཞྭ་མོའི་ཚོས་གཞི་སེར་སྨུག་སོགས་ལས་ཞྭ་གོས་ནག་པོ་དང། དཀར་པོ་མི་གྱོན། སྤཡིར་ན་སྐྱེས་པ་ཕལ་ཆེ་བས་དབྱར་དུས་ཕྱིང་ཞྭ་དང་དགུན་དུས་པགས་ཞྭ་གྱོན། དེ་ཡང་རྒན་རབས་ཚོས་ཞྭ་དཔངས་ཅུང་མཐོ་བ་ཞྭ་སྣེ་མདུན་རྒྱབ་གཉིས་ཆུང་ལ་གཡས་གཡོན་གཉིས་ཆེ་ཙམ་ཡིན་པའི་ཞྭ་སྣེར་དགུན་དུས་པགས་པ་དང་། དབྱར་དུས་གྲུའུ་ཙེ་བཏང་བ་རྒྱ་སེའི་སྐེད་འཆིང་སོགས་མེད་པའི་གོས་ཆེན་ནག་པོ་འཇམ་སེང་གི་རྒཡབ་ཤ་བྱུ་རུ་ཆུང་ཆུང་མང་པོར་དྲུག་བཅིངས་བཟོས་པའི་ཏོག་ལྡན་ཞིག་གྱོན། ན་གཞོན་ཚོས་ཕྱིང་པའི་པགས་ཞྭ་རྒྱ་སེའི་སྐེད་འཆིང་དང། གསེར་སྐུད་ཀྱི་པན་ཀྱོག་ཡོད་པའི་ཞྭ་སྣེ་ཆེ་བ་གཅིག་མདུན་དུ་བསྟན་ཞིང། ཞྭ་སྣེ་རྒྱབ་མ་ནང་དུ་བསྟན་ནས་གྱོན། རྒན་གཞོན་ཇི་ལྟར་ཡང་རང་ལ་འབྱོར་འཁོས་ཡོད་ན་མཐེ་བོང་གཡོན་པར་ཛུལ་དང་བ་སོ་སོགས་ཀྱི་ཤ་ཀྲད་དང། སེན་མཛུབ་གཡོན་པར་གསེར་གྱི་ཚིགས་ཁེབས་དང། མཛུབ་དཀྲིས་གྱོན་པ་སོགས་བྱེད། དེ་བཞིན་ཐ་མ་གང་ས་འཐེན་མཁན་གྱིས་ཧུལ་གྱི་བཅུད་རྩི་དང། གང་ཕོར་ཡང་དངུལ་བྱེད་པདང། སྐྱ་སེར་སྣ་ཐག་འཐེན་མཁན་གྱི་སྣ་རུ་ཧུལ་དང། མ་ནུ་ཧོག ཧྲུལ་ཅིང་སོགས་བྱེད། བུད་མེད་ཚོས་སི་ཤན་ཚོས་ཚོགས་ཀྱི་སྐྲ་གཞུག་སྒར་བའི་ལྕང་ལོ་གཉིས་རྒྱབ་ཏུ་གློད། འབུ་རས་དང། རས་སོགས་ཀྱི་སྨད་གཡོག་དང། གྲུའུ་ཙིསོགས་ཀྱི་འོག་འཇུག དབྱར་ཁ་ཕྱུ་པ་ཕུ་མེད་དང། དགུན་ཁ་ཕྱུ་པ་ཕུ་ཡོད་གྱོན། འོག་འཇུག་གི་སྟེང་ཕོ་ཁེབས་ཞེས་རྒྱ་སེའམ་གོས་ཆེན་ཚོན་ཁྲ་གྲུ་བཞི་ཞིག་གི་གཤམ་ཆར་གོས་ཆེན་ནམ་རས་ཀྱི་འཐུད་ཅན་ཞིག་བྲང་དུ་བཅིངས། ཕྱུ་པའི་གཤམ་ཆ་ལྷམ་མགོར་སླེབས་ཙམ་འཇོལ་འཇོལ་གྱི་རྒྱབ་ཏུ་སྐེད་ཟུར་གཉིས་སྟོན་པའི་སྐེད་རགས་བཅིངས་པའི་སྟེང་ཁ་བཅིངས་ཞེས་གྲུའུ་ཙིའི་སྐེད་རགས་ཤིག་ལེབ་ལྟེབས་སུ་དཀྲིས། མདུན་དུ་པང་གདན་ཁྲ་བོ་བཅིངས། ལྷམ་ཟོམ་པ་གྱོན། (སྐྱེས་པ་ཕོ་ཟོམ་དང་བུད་མེད་ཀྱིས་གྱོན་པའི་མོ་ཟོམ་ལ་བཟོ་ལྟ་དང། ཕར་ཕྱིན་སོགས་ཀྱི་ཁྱད་པར་ཡོད)རྣ་བར་དེ་སྔ་གཡུ་ཆུང་རེ་འདོགས་ཀྱི་ཡོད་སྐད་ཀྱང། ཕྱིས་སུ་ཁྲ་སྣ་ཚོགས་དང་གསེར་གྱི་རྣ་རྒྱན་འདོགས་སྲོལ། ལོ་རབས་གསུམ་ཅུ་པའི་འགོ་ཙམ་བར་བུད་མེད་ཚོས་ལག་པ་གཡས་པར་དུང་དཀར(གཡས་དུང་ཟེར)ཞིག་གྱོན་སྲོལ་ཡང་ཕྱིས་དེ་མི་གྱོན། རྒྱུ་དུ་རྣ་རྒྱན་དང། སྐེ་ཕྲུག ལག་འདུབ། སོར་གདུབ་སོགས་གྱོན་རྒྱུར་དགའ་པོ་བྱེད། གཟབ་མཆོར་སྤྲོད་སྐབས་གཡུ་བྱུར་གྱི་སྤ་ཕྲུག་དང། སྐྲ་ལན་རྩེ་གསེར་གྱི་ཨ་སྒོར་གཡུ་ཁྲ་ཅན། སྐེ་རྒྱན་གསེར་གྱི་གའུ་ཕྲ་ལྡན་ལ་གཟི་བྱུར་མུ་ཏིག་གི་བཀག་བཅད་ནང་འཁྱིལ་དང་བཅས་པ། བྲང་སྟེང་གཡས་སུ་མུ་ཏིག་དང། ཛུལ། གཟི་ཕྲུག་སོགས་ཀྱི་འཕྲུལ་འཕྲུལ། ལན་རྩེ་ལན་བུ་གཉིས་ཀྱི་སྐྲ་གཞུག་སྒྱིད་གུག་གྲོལ་ཙམ་དུ་སླེབས་པ་དེའི་སྐེད་པའི་མཚམས་སུ་སྐྲ་འཁྱིག་ཅེས་མུ་ཏིག་གི་ཆུན་པོ་གཡུ་བྱུར་གྱི་རྒྱན་པ་ཞིག་བཅས་བཏགས། གོང་གསལ་བུད་མེད་ཀྱི་རགྱན་གོས་དེ་ནི་གྲོང་མི་སྤྱིར་བཏང་པའི་ཡིན་པ་ལས་མི་དྲག་ཚོའི་ལྕམ་གྱི་རྒྱན་གོས་གཟབ་གྱོན་ལྟ་བུ་རགས་ཙམ་བརྗོད་ན། རྒྱ་སེའམ་རྒྱ་འདྲའི་ཕྱུ་པ་ཕུ་ཡོད(དབྱར་དགུན་ཁྱད་མེད)རྒྱ་འདྲའམ་སྐྱིནཁེབས་ཀྱི་སྟེང་རྩེགས། པང་འདན་འཛར་པང། ལྷམ་རྟ་ཟོམ། སྐེ་རྒྱན་གའུམསོགས་གོངས་མཚུངས་ཐོག ཛུལ་གྱི་སྐེ་ཕྲེང་མུ་ཏིག་གི་ཡར་འཐེན་ཅན། ལན་རྩེ་དང། ཨ་སྒོར་སྤྱི་མཚུངས་སུ་མུ་ཏིག་སྤ་ཕྲུག་སྟེང་རྩེ་གཡུ་ཐག་པ་ཞེས་མུ་ཏིག་དྲ་བ། སྐེད་རྒྱབ་སྐྲ་འཁྱིག་ན་ནོར་བུ་དགའ་འཁྱིལ་གསེར་གྱི་ཚོམས་བུ་གཡས་གཡོན་དུ་མུ་ཏིག་དྲ་བ་ཅན། མདུན་འཆིང་སྡིག་ར་གློ་སོགས་རིན་ཆེན་སྣེ་མང་གི་རྒྱན་ཆའདོགས་པ་དང། སྒལ་རྒྱབ་ཏུ་གོས་གཟན་རིན་ཆེན་སྣ་ལྔ་ཞེས་གོས་འཇལ་སྒྲིག་གི་གཟན་གྱོན། སྟེང་རྩེགས་མ་གྱོན་ན་སྤ་ཕྲུག་སྟེང་རྩེ་གཡུ་ཐག་པ་དང། སྐྲ་འཁྱིག་ནོར་བུ་དགའ་འཁྱིལ། རྒྱབ་གཟན་རིན་ཆེན་སྣ་ལྔ། མདུན་འཆིང་སྡིག་ར་གློ་ཕྲེང། ལྷམ་རྟ་ཟོམ། པང་གདན་འཛར་པང་སོགས་མི་དགོས་པར་སྐྲ་འཁྱིག་དང་པང་གདན་ཁྲ་ཁྲ། ལྷམ་ཟོམ་པ་སོགས་བུད་མེད་སྤྱི་མཚུངས། གཞན་ཡང་རྒྱན་གོས་དེ་ལས་རྒྱས་པ་ཡོད་ཀྱང་ཡིག་ཚོགསཆེ་བས་འདིར་མ་བྲིས། གནའ་དུས་སུ་སཀྱེས་པའམ་བུད་མེད་གང་ཡིན་རུང་ལུས་ཀྱི་སྨད་དུ་གོས་ཞེས་དར་གོས་དང་སྣམ་ཐེར་གང་རུང་ནག་པོ་ཞིག་ལ་སུལ་མང་པོ་ཡོད་པ་སྐྱེས་པ་ས་འཛབ་འཐུང་ལ་བུད་མེད་ཚོས་འཛབ་རིང་ཞིག་གྱོན། སྟོད་དུ་ཕུ་སྟོད་ཅེས་དར་གོས་སམ་སྣམ་བུ་ཚོས་ཚོགས་སྒྲིག་པའི་སྟོད་གོས་ཕུ་ཐུང་ཆེ་བ་ཞིག་གི་ནང་གྱོན་འོག་འཇུག་གོང་བ་དང། ཕུ་ཐུང་གི་སྣེ་མོ་ཚོས་སྣ་ལྔ་ལྡན། ལྷམ་ལྡོག་གཅིག་མ་རྩེ་རྙུང་འགོ་སྣམ་མམ་སྣམ་བུ་དམར་ལྗང་གི་བོལ་ཅན་ཡུ་རིང་ཞིག་གྱོན་པའི་ཉྭ་རྩར་ལྷམ་སྒྲོག་ཁྲ་ཁྲ་སོགས་བཅིངས། བུད་མེད་ཚོས་པང་གདན་སྣེ་འཛར་ཅན་བཅིངས་ཐོག སྟེང་རྩེགས་ཕུ་མེད་གྱོན། དགའ་སྟོན་དང། ཕྱིར་བསྐྱོད་སོགས་ཀྱི་སྐབས་གྲུའུ་རྩེ་དམར་པོའི་སྐེ་རགས་འདྲ་བ་འཛར་ལྡན་ཞིག་རྒྱབ་ཏུ་གྱོན། སྐྱེས་པ་ཚོས་རྣ་རྒྱན་ཀོང་རྣ་པན་རྡོག་ཅེས་གསེར་དངུལ་རག་གསུམ་གང་རུང་ལ་གཡུ་ཆུང་དུ་མའི་ཕྲ་སྦྱར་བ་གཡས་ངོས་ལེབ་མོ་སྒོར་དབྱིབས་རྩེ་མོ་གྱེན་ལྟས་སྙུང་ཙམ་ཞིག་དང། གཡོན་ངོས་རིལ་བུ་རྩེ་སྙུང་ཐུར་ལྟས་འཛར་ལོ་ཅན་ཞིག་བཏགས། མགོ་བོར་སྦ་རིལ་ཞེས་རས་དཀར་པོ་སབོམ་ཕྲ་སྦ་དབྱུག་ཙམ་སྒོར་མོ་ཕྱོགས་བཞིར་རས་དམར་སེར་གྱི་འཇའ་སྒྲིག་ཅན་གྱིས་སྐྲ་མནན། སྐེད་པར་གྲི་གཟེར། འཐེ་བོང་གཡོན་པར་བ་སོ་སོགས་ཀྱི་ཤ་ཀྲད་གྱོན་པ་སོགས་བྱེད། བུད་མེད་ཚོས་སྐྲའི་ལན་བུ་རྒྱབ་ཏུ་དཔྱང། རྣ་བའི་ཐད་གྲུམ་འཛར་ཞེས་གསེར་དངུལ་རག་སོགས་གཡུ་ཕྲ་ཅན་ཞིག་བཏགས། སྐེ་ལ་གའུ་དང། གཡུ་བྱུར། སྤོས་ཤེལ་སོགས་གྱོན། ཕྲུག་དམར་པོའི་སྐྲ་གནོན་སྦ་རིལ་ལ་གཡུ་བྱུར་གྱིས་བརྒྱན་པ་ཞིག་མགོ་བོར་གྱོན་པ་ནི་ཕྱིའི་དུང་ཕྲུག་ཅེས་པ་དེ་ཡིན། གོང་གསལ་གྱི་གནའ་བོའི་ཆས་གོས་གྱོན་སྟངས་ལྡེབས་བྲིས་རྙིང་པ་དག་ལ་གསལ་བ་ལྟར་ཡིན། 《མི་དབང་རྟོགས་བརྗོད》ནང་དེ་དུས་ཀྱི་ཆས་གོས་སྐོར་ཅུང་ཟད་གསལ་བ་ཙམ་ལས་ཆས་གོས་གྱོན་སྟངས་མཐོང་བ་བརྒྱུད་པ་ལས་ཡིག་ལམ་དུ་འཁོད་པ་མ་མཐོང། བུད་མེད་ཀྱི་སྤ་ཕྲུག་དེ་ཡང་ཐོག་མར་སྒོར་སྒོར་ཡིན་ལ། ལན་རྩེ་ཡང་རྭ་ཅོ་ལྟར་མིན། རྗེས་སུ་སྤ་ཕྲུག་དང། ལན་རྩེ་རིམ་བཞིན་ཟུར་གསུམ་དང། རྭ་ཅོ་ལྟ་བུར་གྱུར་པ་འདྲ་པར་རྙིང་པ་ལ་བལྟས་ན་ཤེས། སྤ་ཕྲུག་ཅེས་པའི་གོ་དོན་ནི་“སྤ”ཞེས་སྐྲའི་དོན་དང་། “ཕྲུག”ཅེས་པ་སྐྲ་གནོན་བྱེ་སྣམ་བུའི་སྦ་རིལ་གྱི་གོ་དོན་ཡིན་སྐད། པང་གདན་ལ་རྣམ་པ་གསུམ་བྱེད་སྲོལ་དེ་ལ་ཡང་དབུས་མས་ཁྱིམ་གྱི་བདག་པོ་སྟེ་ཁྱོ་བོ་དང། གཡས་པས་བུད་མེད་རང་ཉིད། གཡོན་པས་བུ་རྒྱུད་མཚོན་པ་ཡིན་ཟེར། བུ་མོ་ལོ་བཅོ་ལྔ་ཙམ་དུ་མ་སླེབས་བར་སྐྲ་ལྕང་ལི་གཅིག་ལས་མི་རྒྱག་པ་དང། པང་གདན་ཡང་བཅིངས་ཀྱི་མེད། ལོ་རབས་སུམ་ཅུ་པའི་རནཇེས་ཙམ་བར་བུ་མོའི་ལྕང་ལོའི་ཐོག་སྟག་འཇར་ཞེས་གཡུ་བྱུར་སྤེལ་མ་ཞིག་སྒར་བ་དེ་སྤ་ཕྲུག་བཟོ་དམིགས་ཡིན་འདུག་ཀྱང་རྗེས་སུ་ལྟག་འཛར་སྒར་མེད། སྤ་ཕྲུ་དངོས་སུ་གཡོག་པ་ནས་སྐྲ་ལན་བུ་གཉིས་ལྷས་དེ་པང་གདན་བཅིངས་ཀྱི་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1