དཔལ་དགེ་མ་ཎི་རྡོ་འབུམ།
རིག་བསྟན་གྱིས་བྲིས།
དཔལ་དགེ་མ་ཎི་རྡོ་འབུམ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་མཁར་ནས་སྤྱི་ལེ་ལྔ་བཅུ་ལྷག་ཙམ་ཆོད་པའི་ནུབ་བྱང་མཚམས་སུ་ཡོད་ལ་ལོ་360ལྷག་ཙམ་གྱི་ལོ་རྒྱུས་ལྡན། རྡོ་འབུམ་བཞེངས་པའི་ས་ཆ་ནི་མཛེས་པའི་གཡང་ལྡན་ཕྱུག་མོ་རྫ་མ་མོ་ཐང་ཞེས་པ་དེ་ཡིན། ས་གནས་དེ་གའི་ཉམས་མྱོང་ཅན་གྱི་རྒན་པོ་ཚོས་བཤད་སྲོལ་ལྟར་ན། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་མཆོག་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ་1640ལོར་རྟེན་འབྲེལ་དང་སྟབས་འཁེལ་ནས་རྡོ་བརྐོས་མ་ཎི་ཚེ་རིང་ཞེས་པར་མཇལ་འཛོམས་བྱུང་པས་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས། རྗེས་སུ་དེའི་ཡང་སྲིད་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དགུང་ལོ་སུམ་ཅུའི་ཐོག་ལོ་ལྔ་ཙམ་གྱི་རིང་ལ་དད་འབུལ་བ་ཆེ་ཕྲ་གང་བྱུང་རྣམས་བསྡུས་ཏེ་སླར་ཡང་རྡོ་བརྐོ་བ་དུ་མ་བསྡུས་ནས་མ་ཎི་བཀའ་ཆེན་དང་བཅུ་འགྱུར་སོགས་རྡོ་ལ་བརྐོས་རྗེས་རྩིས་ལེན་ཞིབ་གཟིགས་ནན་ཏན་མཛད་དེ་རྡོ་འབུམ་རྒྱ་ཇེ་ཆེ་དང་དཔངས་ཇེ་མཐོར་བཏང་ལ་ཁ་སྣོན་ཞིག་གསོས་ལེགས་ཞིབ་བྱས། བཞེངས་སྐྲུན་མཛད་པ་དང་དུས་མཚུངས་སུ་བླ་སྤྲུལ་མང་པོ་གདན་དྲངས་ནས་རྡོ་འབུམ་ལ་རབ་གནས་ཀྱང་རྒྱ་ཆེན་པོ་བྱས་པ་དང་། རིག་གསར་གྱི་སྐབས་སུ་རྡོ་འབུམ་འདི་ཞིག་གསོ་བྱེད་མཁན་མེད་ཕྱིར་རྡོ་རྩིག་ཞིག་རལ་དུ་གྱུར་ན་ཡང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་ཀྱིས་གཙོ་འགན་བཞེས་ནས་མི་དམངས་ཤོག་སྒོར་ཁྲི་ཚོ་17ཙམ་འགྲོ་སོང་བཏང་ནས་ཡུལ་སྡེ་དེའི་བླ་སྤྲུལ་དང་ཆོས་དད་མང་ཚོགས་ཀྱིས་ཉམས་གསོ་ཕུན་སུམ་ཚོགས་པ་བྱས་ཡོད།
དཔལ་དགེ་མ་ཎི་རྡོ་འབུམ་གྱི་རྡོ་རྩིག་རིང་ཐུང་གི་ཚད་ནི་སྤྱི་ལེ་1.7ཡོད་ལ། རྩིག་པའི་རྒྱ་ཞེང་ལ་སྨི་1ནས་3བར་དང་། རྩིག་པའི་མཐོ་ཚད་ནི་སྨི་2.5ནས་3.5བར་ཡིན། རྡོ་འབུམ་རིང་པོ་འདིའི་ཐོག་གི་སོ་སོའི་བར་དུ་སྨི་3ནས་4ཡི་བར་དུ་རྡོ་རྩིག་གྲུ་བཞི་དང་ནར་མོ་བཅས་བརྩིགས་ཡོད། གནས་དེའི་དགེ་འདུན་པ་ཚོས་གསུངས་པ་ལྟར་ན་རྡོ་འབུམ་དེའི་ནང་དོན་ནི་མ་ཎི་ཡིག་དྲུག་གཙོ་བོ་བྱས་པའི་སྟེང་དུ་བཀའ་བསྟན་འགྱུར་དང་ཐར་མདོ་ཚར་5000ཙམ་དང་། རྡོ་ལ་བརྐོས་པའི་ལྷ་སྐུ་ཆེ་ཆུང་སུམ་སྟོང་ལྷག་ཡོད་པར་བཤད། གནས་འདིའི་མཐོ་ཚད་ནི་མཚོ་འཕགས་ལས་ཆ་སྙོམས་སྨི་4240ལྷག་ཙམ་ཡོད་པ་དང་། འབྲེལ་ཡོད་ཆེད་རམས་པ་ཚོས་བཤད་པ་ལྟར་ན། རྡོ་འབུམ་འདི་ནི་དེང་སང་འཛམ་གླིང་སྟེང་ཆེས་རིང་བའི་མ་ཎི་རྡོ་རྩིག་ཅིག་ཡིན་འདུག །
ཡུས་ཅན་ཀྲུང་གིས་པར་བླངས།
2014ལོའི་《ཁ་བཏགས་དཀར་པོ།》དེབ་2་པ་ལས་བཤུས།