ཞི་ཅིན་ཕིང་འཛམ་གླིང་གི་བུད་མེད་མཐོ་རིམ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


  སྤྱི་ཟླ་9པའི་ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པའི་འཛམ་གླིང་གི་བུད་མེད་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད། ཁ་བྱང་ལ་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་དང་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱ།ཞེས་པའི་གསུང་བཤད་གནང་། འཛམ་གླིང་གི་བུད་མེད་ལས་ཀར་སྐུལ་འདེད་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་པའི་ཐད་ནས་ཀྲུང་གོའི་ལངས་ཕྱོགས་གསལ་འགྲེལ་བྱས།

  ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་པེ་ཅིང་གི་འཛམ་གླིང་བུད་མེད་གྲོས་ཚོགས་བསྡུས་ནས་ལོ་འཁོར་20ལོན་པའི་སྐབས་འདིར། འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་འཚོགས་པ་ལ་དོན་སྙིང་ཆེན་པོ་ལྡན། བུད་མེད་ནི་སྤྱི་ཚོགས་འཕེལ་རྒྱས་དང་གོང་དུ་འཕེལ་བའི་སྟོབས་ཤུགས་ཡིན་ལ། བུད་མེད་ཀྱི་བཅིངས་གྲོལ་དང་འཕེལ་རྒྱས་མེད་ཚེ་འགྲོ་བ་མིའི་རིགས་ཀྱི་བཅིངས་འགྲོལ་དང་འཕེལ་རྒྱས་ཡོད་མི་སྲིད། ཕོ་མོ་འདྲ་མཉམ་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱ་ཆེད་མིའི་རིགས་ཀྱག་ཀྱོག་དང་དཀའ་སྡུག་གི་ལོ་ཟླ་མང་པོ་ཞིག་བརྒྱུད་པ་རེད། དེ་རིང་། རྒྱལ་ཁབ་སོ་སོའི་ཕོ་མོ་འདྲ་མཉམ་གྱི་ངོས་འཛིན་གཏིང་ཇེ་ཟབ་དང་བུད་མེད་འཕེལ་རྒྱས་སུ་འགྲོ་བའི་སྐུལ་འདེད་རྣམ་པ་སྣ་མང་ཅན་དུ་གྱུར་ཞིང་། བུད་མེད་འཚོ་སྡོད་དང་འཕེལ་རྒྱས་སུ་འགྲོ་བའི་ཁོར་ཡུག་ཇེ་ལེགས་སུ་འགྱུར་བཞིན་འདུག ཡིན་ཡང་རྒྱལ་ཁབ་དང་ས་ཁུལ་སོ་སོའི་བུད་མེད་འཕེལ་རྒྱས་ཀྱི་ཆུ་ཚད་དོ་མཉམ་མ་ཡིན་པ་དང་སྐྱེས་པ་དང་བུད་མེད་ཀྱི་དབང་ཆ་དང་གོ་སྐབས། ཐོན་ཁོངས་བགོ་བཤའ་དོ་མཉམ་མ་ཡིན་པའི་གནས་ཚུལ་དང་། སྤྱི་ཚོགས་ཀྱིས་བུད་མེད་ལ་བཟུང་བའི་ངོས་འཛིན་ཡང་དག་མ་ཡིན་པའི་གནད་དོན་ཡོད་པས་ང་ཚོས་འབད་པ་ཆེན་པོས་བུད་མེད་ལས་དོན་གྱི་འཕེལ་རྒྱས་བགྲོད་ལམ་རྒྱ་བསྐྱེད་དུ་གཏང་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་འཚོལ་སྙེགས་བྱེད་པའི་གོ་རིམ་ཁྲོད་བུད་མེད་རེ་རེར་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད་ལ། ཀྲུང་གོས་ཕོ་མོ་འདྲ་མཉམ་གྱི་རྩ་བའི་སྲིད་ཇུས་སྔར་ལས་ལག་བསྟར་གཏིང་ཟབ་དང་བུད་མེད་ཀྱི་ནུས་པ་སྔོག་འདོན། བུད་མེད་ཀྱི་རྨི་ལམ་མངོན་འགྱུར་བྱ་བར་རྒྱབ་སྐྱོར་བྱ་ངེས། ལོ་ལྔའི་ནང་ཀྲུང་གོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་འདེགས་བྱས་ཏེ་བུད་མེད་དང་བྱིས་པའི་བདེ་ཐང་ལས་གཞི་100དང་སྤྲོ་སྐྱིད་ཀྱི་སློབ་གྲྭའི་ལས་གཞི་100ལེགས་འགྲུབ་བྱ་རྒྱུ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཁྲི་3ཀྲུང་གོར་གདན་འདྲེན་ཞུས་ནས་ཟབ་སྦྱོང་བྱེད་དུ་འཇུག་པ་དང་ས་གནས་དེ་གའི་ལས་རིགས་ལག་རྩལ་མི་སྣ་ཁྲི་10གཙོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས།

  ཕན་ཅི་ཝུན་གྱིས་ཀྲུང་གོའི་སྲིད་གཞུང་གིས་ཐེངས་འདིའི་འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་ཐོག་གྲོས་གཞི་བཏོན་པར་བཀའ་དྲིན་ཆེ་ཞུས་པ་དང། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་སྤྱིའི་བུད་མེད་ལས་དོན་གྱི་རྡོ་རིང་དུ་འགྱུར་ངེས་ཡིན་ལ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་2015ལོའི་རྗེས་ཀྱི་འཕེལ་རྒྱས་གོ་རིམ་ཁྲོད་ཕོ་མོ་འདྲ་མཉམ་གྱི་སྲིད་ཇུས་ལ་འགན་སྲུང་བྱེད་པར་རེ་བ་ཡོད་ཅེས་བསྟན།

    རྒྱལ་ཁབ་80ལྷག་གི་འགོ་གཙོ་དང་སྲིད་གཞུང་འགན་འཛིན་འདུས་པའི་རྒྱལ་ཁབ་བརྒྱར་ཉེ་བའི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཤིང་། ཚང་མས་བུད་མེད་ལས་དོན་གྱི་འཕེལ་རྒྱས་དང་འབྲེལ་བའི་གླེང་བརྗོད་སྤེལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་ལྷན་དུ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་འཚོགས་པ་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1