ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེན་ལོན་དང་གྲོལ་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


  སྤྱི་ཟླ10པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོན་ཏོན་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེན་ལོན་དང་གྲོལ་མོལ་མཛད། ཕྱོགས་གཉིས་ཀྱི་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས་པར་གདེང་འཇོག་མཛད་ཅིང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་དག་ལ་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་བྱུང་། དུས་རབས་21པའི་འཛམ་གླིང་གི་ཕྱོགས་ཡོངས་ཐབས་ཐུས་མཉམ་འབྲེལ་མཉམ་དུ་སྒྲིག་བཀོད་བྱས་ཏེ་ཡུན་རིང་དང་སྒོ་འབྱེད། མཉམ་རྒྱལ་གྱི་ཀྲུང་དབྱིན་འབྲེལ་བའི་གསེར་ལྡན་དུས་རབས་ཤིག་གི་སྒོ་གླགས་ཕྱེ་དགོས་པའི་བསམ་ཚུལ་བསྟན།

  ཞི་ཅིན་ཕིང་གིས་དབྱིན་ཇི་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད་གསར་དར་རྒྱལ་ཁབ་ཅིག་དང་། སྲོལ་རྒྱུན་གྱི་རྒྱལ་ཁབ་ཅིག་ཡིན་ལ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཀྱང་རེད། ཉེ་བའི་ལོ་འདི་གའི་རིང་ལ། ཀྲུང་དབྱིན་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གྱི་འཕེལ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་འདུག ད་ལོ་ནི་ཀྲུང་དབྱིན་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁེ་ཕན་ལྡན་པའི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་བཟང་པོ་ཞིག་རེད་ཅེས་གསུངས། 

  ཀྲུང་གོའི་ཕྱོགས་ནས་ཀྲུང་དབྱིན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་བཞིན་ཡོད། དབྱིན་ཇི་དང་མཉམ་དུ་ཀྲུང་དབྱིན་བར་གྱི་འབྲེལ་བའི་གོ་གནས་མཐོར་འདེགས་དང་ནང་དོན་ཆ་ཚང་ཅན་དུ་གཏང་བ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་འཆར་བཀོད་བཟོས་ཏེ་ཀྲུང་དབྱིན་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕར་བར་སྐུལ་འདེད་གཏོང་འདོད་ཅེས་བསྟན།

  ཁཱ་མེན་ལོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དེ། ཕྱོགས་གཉིས་ཀྱིས་རྣམ་གྲངས་མང་པོ་ཞིག་དང་བཟོ་ཚོང་གན་རྒྱ་མང་པོ་ཞིག་ལ་གཅིག་མཐུན་གྱི་ངོས་འཛིན་བྱུང་། འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་གལ་ཆེན་འདོན་ངེས། དབྱིན་ཇི་ཀྲུང་གོའི་ནུབ་ཕྱོགས་ཀྱི་ཆེས་བཟང་པའི་མཉམ་ལས་མཛའ་འབྲེལ་གྱི་རྒྱལ་ཁབ་ཏུ་གྱུར་འདོད་ལ། ཀྲུང་གོ་དང་མཉམ་དུ་དངུལ་རྩ་དང་ནུས་ཁོངས། གསར་གཏོད་བཟོ་ལས། ཁྲོལ་མཆན་འགོད་བར་སྟབས་བདེ་ཅན་དུ་གཏང་བ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏང་དགོས། དབྱིན་ཇིའི་ཕྱོགས་ནས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་གཏོང་འཛུགས་སྐྲུན་དུ་ཞུགས་འདོད་ལ། རང་འགུལ་སྒོས་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་སྒྲིག་གཞིར་ཞིབ་འཇུག་བྱ་ངེས། དབྱིན་ཇི་མིག་སྔར་དཔལ་འབྱོར་སྙོམས་སྒྲིག་གོ་རིམ་ཁྲོད་གནས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇིར་མ་དངུལ་གཏང་བར་དགའ་བསུ་ཞུ། དབྱིན་ཇིས་ཡོ་རབ་མནའ་འབྲེལ་གྱིས་མགྱོགས་མྱུར་ངང་ཀྲུང་གོ་དང་རང་མོས་ཚོང་ལས་ཁུལ་གྱི་ཆོག་ཡིག་བཀོད་པར་རྒྱབ་སྐྱོར་བྱ་ངེས། འདིས་ཡོ་རབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་འཇོག་ངེས་ཞེས་བསྟན།

  གྲོལ་མོལ་མཇུག་རྫོགས་རྗེས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཡིག་ཆར་མིང་རྟགས་བཀོད། མཉམ་འབྲེལ་ཡིག་ཆ་དངུལ་རྩ་དང་མཚོ་ལམ། ས་གནས་མཉམ་ལས། གསར་དར་ཐོན་ལས། རྒྱུན་མཐུན་འཕེལ་རྒྱས་སོགས་འདུས།

 མཇུག་མཐར་ཞི་ཅིན་ཕིང་དང་ཁཱ་མེན་ལོན་གཉིས་ཀྱིས་མཉམ་དུ་ཀྲུང་དབྱིན་འབྲེལ་བ་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1