སྤྱི་ཟླ10པའི་ཚེས་22ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐི་ལོའོ་ཏོའོ་ལ་གློག་འཕྲིན་བཏང་ནས་ཁོང་རང་ཁེ་ན་ཏའི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།
ལི་ཁེ་ཆང་གིས་གློག་འཕྲིན་ལས། ཀྲུང་གོ་དང་ཁེ་ན་ཏའི་འབྲེལ་བ་བཙུགས་ཚུན་ལ་ཕྱོགས་གཉིས་ཀྱི་མཉམ་དུ་འབད་པ་བྱས་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་འབྲེལ་འདྲེས་ཇེ་མང་དུ་གྱུར་ཞིང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་འབྲས་བུ་ཆེན་པོ་བླངས་པ་དང་། མི་དམངས་བར་གྱི་ངོས་ལེན་དང་མཛའ་བརྩེ་གཏིང་ཟབ་ཏུ་གྱུར། ངས་ཙུང་ལི་ཁྱེད་དང་མཉམ་དུ་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་འབྲེལ་རྒྱ་སྐྱེད་བྱེད་པར་འབད་པ་བྱས་ཏེ་ཀྲུང་གོ་དང་ཁེ་ན་ཏའི་འབྲེལ་བ་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།།