2015ལོའི་རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-28


    སྤྱི་ཟླ་10པའི་ཚེས་26ཉིན་གྱི་སྔ་དྲོར། སི་ཁྲོན་རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་དང་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ་རོང་བྲག་རྫོང་ཤར་རྒྱལ་མོ་རོང་གི་རིག་གནས་ཐང་ཆེན་དུ་སྤེལ་འགོ་ཚུགས།
     རོང་བྲག་ནི་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་རིག་གནས་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་བྱང་རྒྱུད་ཡུལ་སྐོར་ལམ་ཐིག་ཐོག་གི་གལ་ཆེའི་འབྲེལ་མཐུད་གནས་དང་ཡུལ་སྐོར་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཟླ་10པའི་ཚེས་26ཉིན་ནས་ཚེས་28ཉིན་བར་གྱི་དུས་ཡུན་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ་ཏུ་སྐྱོད་དེ། རྒྱལ་རོང་གི་མཛེས་སྡུག་ལྡན་པའི་རིག་གནས་ལ་མྱོང་ཚོར་བྱེད་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་། བྱེད་སྒོ་ཧྲིལ་པོ་ནི་མཛེས་མའི་ལུང་ཤུར་དུ་མཛེས་མ་འདེམ་རྒྱུ་དང་།  མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་ཆེ་གྲས་སྤེལ་རྒྱུ། རྒྱལ་རོང་རིག་གནས་དཔྱད་གླེང་ཚོགས་འདུ། རོང་བྲག་གི་ཞིམ་ཟས་འགྲེམ་སྟོན་སོགས་ནང་དོན་ཆེ་གྲས་བཞི་ལས་གྲུབ་པ་ཡིན།  ད་དུང་བོད་རིག་པའི་ཆེད་རམས་པ་དང་། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་གསར་འགྱུར་འཕྲིན་སྦྱོར། ཡུལ་སྐོར་ལས་དོན་ཁང་གི་འཐུས་ཚབ་སོགས་གདན་དྲངས་ཏེ་ཐུན་མོང་ཐོག་རྒྱལ་རོང་རིག་གནས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱ་ནས་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་དམ་པོར་བྱས་ཏེ། རིག་གནས་ཀྱི་ནང་དོན་བརྒྱུད་དེ་ཡུལ་སྐོར་སྤུས་རྟགས་ཀྱི་གཏིང་ཚད་དང་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ་རིག་གནས་དང་ཡུལ་སྐོར་ཟུང་གི་ཚོང་རྟགས་གྲགས་ཅན་འཛུགས་རྒྱུ་དེ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1