སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོའོ་ཁིར་དང་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་གནང་ཞིང་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་ལ་ཤུགས་སྣོན་དང་ཀྲུང་འཇར་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་འབྲེལ་བ་བདེ་ཐང་དང་གཏན་འཇགས། རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས་པའི་ཐད་ལ་མོས་མཐུན་བྱུང་།
ཞི་ཅིན་ཕིང་གིས་མོའོ་ཁེར་གྱིས་ཙུང་ལི་ཡི་འགན་ཁུར་པ་ནས་བཟུང་ཐེངས་བརྒྱད་པར་ཀྲུང་གོར་འཚམས་འདྲི་ཕེབས་པར་དགའ་བསུ་ཞུས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་འབྲེལ་འདྲེས་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚད་མཐོ་པོར་འཕེལ་རྒྱས་ཕྱིན་ཡོད་པ་མཚོན་ཡོད་པ་དང་། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་དམ་པོ་ཡོད་པ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་གཉིས་ལ་རྐང་ཚུགས་དགོས་པར་མ་ཟད། ཡོ་རོབ་དབུས་རྒྱུད་དང་ཨེ་ཤ་ཡ། ཡོ་རོབ་གླིང་། དེ་མིན་འཛམ་གླིང་ཁྱོན་ཡོངས་ལ་ཁ་གཏོད་དགོས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་གཏན་འཇགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག ཁེ་ཕན་གཙོ་བོ་དང་ལས་དོན་གལ་ཆེན་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱ་དགོས་པ་དང་། རིམ་པ་སོ་སོའི་འབྲེལ་འདྲེས་འཕེལ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ནི་གཅིག་ལ་གཅིག་རྟེན་དུ་གྲུབ་ལ། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་མནའ་འབྲེལ་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོར་ཕྱོགས་ཡོངས་མཉམ་འབྲེལ་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས། བཅོས་བསྒྱུར། ཤེས་རིག་བཅས་ཀྱི་མཛའ་འབྲེལ་ཆེན་པོ་བཞི་དར་སྤེལ་དུ་གཏང་འདོད། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་སྦྲེལ་མཉམ་མཐུད་ཀྱི་སྟེགས་བུ་འཛུགས་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མི་སྣའི་འབྲེལ་འདྲེས་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད། ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་འཇོག་གྲོས་གཞི་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་བར་ཐུན་མོང་གི་ངོས་འཛིན་བྱུང་། འཇར་མན་ཕྱོགས་ནས་ལས་ཀ་འདི་དག་ལ་རྒྱབ་སྐྱོར་བྱ་དགོས་རེ་བ་ཡིན་ཞེས་བསྟན།
མོའོ་ཁེར་གྱིས་ཉེ་བའི་ལོ་འགའི་རིང་འཇར་མན་གྱི་འབྲེལ་བ་ཚད་མཐོན་པའི་འཕེལ་རྒྱས་སུ་འགྲོ་བར་རྒྱུན་འཁྱོངས་བྱས་ལ། རིམ་པ་སོ་སོའི་འབྲེལ་འདྲེས་གཏིབ་ཟབ། ཆབ་སྲིད་དང་དཔལ་འབྱོར། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་ཟམ་མི་ཆད་པར་གཏིང་ཟབ་པར་འཕེལ་རྒྱས་འགྲོ་བཞིན་འདུག གནས་བབ་གསར་བའི་འོག འཇར་མན་ཕྱོགས་ནས་ཀྲུང་གོའི་བཟོ་ཚོང་དང་ཐོན་ལས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་པ་དང་། རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡའི་རྨང་གཞི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་འཛུགས་སྐྲུན་ལ་ཞུགས་འདོད། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་རྒྱལ་སྤྱིའི་ལས་ཀའི་ཁྲོད་ཐུན་མོང་གི་ཁེ་ཕན་དང་མཉམ་འབྲེལ་ནུས་ཤུགས་ཆེན་པོ་ལྡན་པ་རེད། མཉམ་དུ་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་དང་རྒྱལ་སྤྱིའི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འབད་པ་ཆེན་པོ་བྱ་དགོས། འཇར་མན་ཕྱོགས་ནས་ཀྲུང་གོ་ཡོ་རོབ་བསྐྱར་དར་གསར་འབྱེད་དངུལ་ཁང་དུ་ཞུགས་པ་དང་དམངས་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི་དངུལ་ལོར་ཚུད་པ། དེ་མིན་རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩའི་རྩ་འཛུགས་ཀྱི་སྐལ་འབོར་བཅོས་བསྒྱུར་གྲོས་གཞི་ལག་བསྟར་བྱེད་པ། སང་ལོར་ཀྲགུང་གོས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མཐོ་རིམ་གྲོས་ཚོགས་བསྒྲུབ་པར་རྒྱབ་སྐྱོབ་བྱ་ངེས་ཞེས་བསྟན།།