སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གནད་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


         སྤྱི་ལོ་2015ལོའི་ཟླ་10པའི་ཚེས་26ཉིན་ནས་29བར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་སུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མངག་བཅོལ་ལྟར་ལས་ཀའི་སྙན་ཞུ་ཕུལ་བར་ཉན་འཇོག་དང་བགྲོ་གླེང་བྱས་ཡོད། གྲོས་ཞིབ་ལས་《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དགོངས་འཆར་གཏན་འབེབས་སྐོར།》ལ་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས་《(གྲོས་བསྡུར་མ་ཟིན་)གྱི་དགོངས་འཆར་》ལ་དམིགས་ཏེ་ཚང་འཛོམས་གྲོས་ཚོགས་སུ་གསལ་བཤད་གནང་། 

དུས་བབ་གསར་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ལོན་པའི་དུས་རིམ་ཡིན། 

        གྲོས་ཚོགས་ཀྱི་དགོངས་དོན་ལྟར་ན། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་ང་ཚོ་ཏང་གིས་གཏན་ལ་ཕབ་པའི་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་ལས་ལོ་བརྒྱ་ཐམ་པ་དང་པོའི་དམིགས་འབེན་ཡིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ལོན་པའི་དུས་རིམ་ཡིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཇུས་འགོད་དེ་ངེས་པར་ཏུ་བརྩོན་ལེན་དམིགས་འབེན་མངོན་འགྱུར་བྱུང་བར་གནད་དུ་དམིགས་ཏེ་གཏན་འབེབས་བྱ་དགོས། 

         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། ལག་ལེན་དུ་བཀོད་པ་དང་གསར་གཏོད་ལ་མཁས་པར་བྱས་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་གྱི་ཆོས་ཉིད། དེ་མིན་མི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་མོ་བྱས་པར་བརྒྱུད། རྒྱལ་སྐྱོང་སྲིད་གཉེར་གྱི་ལྟ་བ་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་ཆགས་པ་དེས། ལོ་རྒྱུས་ཆ་རྐྱེན་གསར་པའི་འོག་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཕེལ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། 

         གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྩོན་ལེན་དམིགས་འབེན་མངོན་འགྱུར་བྱུང་བ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་སྒོས་འཕེལ་རྒྱས་བྱུང་དགོས་ན་ངེས་པར་ཏུ་རྩ་དོན་འདི་དག་ལ་བརྩི་སྲུང་བྱེད་དགོས། གཅིག མི་དམངས་ཀྱི་གཙོ་ཤུགས་གོ་གནས་ལ་རྒྱུན་འཁྱོངས་དང་། ཚན་རིག་འཕེལ་རྒྱས་ལ་རྒྱུན་འཁྱོངས། བཅོས་བསྒྱུར་ཟབ་སྤེལ་ལ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྒྱུན་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་གནས་ཚུལ་ཧྲིལ་པོར་གཅིག་གྱུར་འཆར་འགོད་ལ་རྒྱུན་འཁྱོངས། ཏང་གི་དབུ་ཁྲིད་ལ་རྒྱུན་འཁྱོངས་བཅས་སོ།། 

དམིགས་འབེན་གསར་པ། དཔལ་འབྱོར་འཕར་ཚད་མཐོ་འབྲིང་རིམ་དུ་འཕར་ཏེ། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ཡོང་འབབ་ལྡབ་གཅིག་འཕར་བ། 

གྲོས་ཚོགས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་བླང་བྱ་གསར་པ་བསྟན་ཏེ། དཔལ་འབྱོར་འཕར་ཚད་མཐོ་འབྲིང་རིམ་དུ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་དོ་མཉམ་རང་བཞིན་དང་། ཁོང་ཡངས་རང་བཞིན། རྒྱུན་མཐུན་རང་བཞིན་མཐོར་འདེགས་གཏོང་བའི་རྨང་གཞིའི་སྟེང་། 2020ལོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ཆ་སྙོམས་ཡོངས་འབབ་2010ལོ་ལས་ལྡབ་གཅིག་འཕར་ཞིང་། ཐོན་ལས་ཆུ་ཚད་འབྲིང་མཐོ་རིམ་དུ་བསྐྱོད་དེ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་ཚད་ལ་ཕན་ནུས་མངོན་གསལ་ཐེབས་པ་དང་། ཁྱིམ་ཐོའི་མི་འབོར་གྲོང་རྡལ་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏང་དགོས། ཞིང་ལས་དེང་རབས་ཅན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་སྒོས་མཐོར་འདེགས་ཕྱིན་དགོས ། རང་རྒྱལ་ཀྱི་ད་ལྟའི་ཚད་གཞིའི་འོག་ཏུ་ཞིང་གྲོང་དབུལ་ཕོངས་མི་གྲངས་དབུལ་སྒྲོལ་ཐོབ་ཅིང་། དབུལ་ཕོངས་རྫོང་ཡོངས་དབུལ་སྒྲོལ་ཐོབ་སྟེ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་ལ་ཐག་གཅོད་བྱུང་བ་དང་། རྒྱལ་དམངས་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་མཐོ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་བཅོས་བྱུང་བ། ཕྱོགས་སོ་སོའི་ལམ་ལུགས་དེ་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་ཏུ་གྱུར་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་གྲུབ་འབྲས་ཆེན་པོ་ཐོབ་དགོས།།

འདུ་ཤེས་གསར་པ། གསར་གཏོད། འགྲིག་མཐུན། ལྗང་འགྱུར། སྒོ་འབྱེད། མཉམ་སྤྱོད། 

གྲོས་ཚོགས་སུ་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་དང་། འཕེལ་རྒྱས་ཀྱི་དཀའ་གནད་འགྲེལ་བ། འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དེ། ངེས་པར་ཏུ་གསར་གཏོད་དང་། འགྲིག་མཐུན། ལྗང་འགྱུར། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་དེ་བརྟན་པོ་འཛུགས་པ་དང་ལག་བསྟར་གང་ལེགས་བྱེད་དགོས། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བའི་འཕོ་འགྱུར་གཏོང་ཟབ་ཅིག་ཡིན། 
གཅིག གསར་གཏོད་འཕེལ་རྒྱས་ལས་འཕྲེད་ཕྱོགས་དཔལ་འབྱོར་མདའ་ཐིགས་ཞིག་གྲུབ་ཏེ། འབྲེལ་དྲྭ+ཞེས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུ།  

        གྲོས་ཚོགས་ལས་བསྟན་དོན། གསར་གཏོད་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱས་ཏེ། ངེས་པར་ཏུ་གསར་གཏོད་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཀྱི་ལྟེ་གནས་སུ་འཇོག་དགོས་ཞིང་། མུ་མཐུད་དུ་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་སོགས་ཕྱོགས་སོ་སོའི་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་བྱས་ཏེ། གསར་གཏོད་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་སུ་བརྒྱུས་ཏེ། སྤྱི་ཚོགས་ཡོངས་སུ་དར་ཞིང་གནས་པར་བྱ་དགོས། 

        འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དེ། མཚོ་འགྲམ་དང་གཙང་པོ་འབབ་རྒྱུད་ཀྱི་དཔལ་འབྱོར་ལམ་ཐིག་གཙོ་བོ་ཡིན་པའི་གཞུང་ཕྱོགས་དང་འཕྲེད་ཕྱོགས་ཀྱི་དཔལ་འབྱོར་མདའ་ཐིགས་གྲུབ་ཅིང་། གཙོ་གནད་ཀྱི་དཔལ་འབྱོར་ཁུལ་དུ་མ་བསྐྱེད་བསྲིངས་སྟོབས་ཆེར་བྱས་ཏེ། དྲྭ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། འབྲེལ་དྲྭ+ཞེས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། དཔལ་འབྱོར་མཉམ་སྤྱོད་ལ་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བཅས་བྱེད་དགོས། 
གཉིས། བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་དུས་གཅིག་ཏུ་གོང་སྤེལ་གཏོང་བར་མཐུན་སྦྱོར་གོང་འཕེལ་ཡོང་དགོས།

     གྲོས་ཚོགས་ལས་བསྟན་དོན། འགྲིག་མཐུན་གོང་འཕེལ་རྒྱུན་འཁྱོངས་ཏེ། ངེས་པར་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་གི་སྤྱིའི་བཀོད་པར་ཁོང་དུ་བརྟན་པོ་ཆུད་པ་དང་། འཕེལ་རྒྱས་ཁྲོད་ཀྱི་འབྲེལ་བ་གལ་ཆེ་ལ་ཐག་གཅོད་ཡང་དག་བྱེད་པ། གྲོང་ཁྱེར་དང་གྲོང་སྡེའི་ས་ཁུལ་མངའ་ཁོངས་ཀྱི་འགྲིག་མཐུན་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འགྲིག་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་དུས་གཅིག་ཏུ་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་པ། རྒྱལ་ཁབ་ཀྱི་དངོས་ཡོད་སྟོབས་ཤུགས་ཤུགས་གནོན་རྒྱག་པའི་དུས་མཚུངས་སུ་རྒྱལ་ཁབ་ཀྱི་མཉེན་པའི་སྟོབས་ཤུགས་མཐོར་འདེགས་གཏོང་བར་མཐོང་ཆེན་བྱེད་དེ། འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་ལ་ཤུགས་གནོན་བྱེད་དགོས། 
གསུམ། ལྗང་འགྱུར་འཕེལ་རྒྱས་ལ་ངེས་པར་ཏུ་ནུས་ཁོངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་དོན་ལ་རྒྱུན་འཁྱོངས་བྱེད་དགོས།

         གྲོས་ཚོགས་ལས་བསྟན་དོན། ལྗང་འགྱུར་འཕེལ་རྒྱས་ཀྱི་རྒྱུན་འཁྱོངས་ལ་ངེས་པར་ཏུ་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་དོན་ལ་རྒྱུན་འཁྱོངས་དང་། རྒྱུན་མཐུད་འཕེལ་རྒྱས་ལ་རྒྱུན་འཁྱོངས། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་བགྲོད་དེ། ནུས་ཁུངས་ཟད་གྲོན་ཅན། ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཇེ་མགྱོགས་གཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཀྱི་གནས་བབ་གསར་པ་གྲུབ་པ་དང་། ཡིད་འོང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གོ་ལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་གསར་པ་སྐྲུན་དགོས། 
བཞི། གོ་ལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྱོང་དུ་ཞུགས་པར་སྒོ་འབྱེད་འཕེལ་རྒྱས་གཏང་ནས་གཏམ་བཤད་ཀྱི་དབང་ཆ་མཐོ་རུ་གཏོང་བ། 

      གྲོས་ཚོགས་ལས་བསྟན་དོན། སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་ལ། ངེས་པར་ཏུ་རང་རྒྱལ་གྱི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་དུ་མཉམ་འདྲེས་གཏིང་ཟབ་ཡོད་པའི་འགྲོས་ཕྱོགས་དང་བསྟུན་ནས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་དགོས་ཤིང་། མཐོ་རིམ་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་སྤེལ་གཏོང་བ། གོ་ལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྱོང་དང་སྤྱི་པའི་ཐོན་རྫས་མཁོ་འདོན་ལ་ནང་ཞུགས་ཧུར་ཐག་བྱེད་དེ། རང་རྒྱལ་གྱི་གོ་ལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྱོང་ཁྲོད་ཀྱི་ལམ་ལུགས་རང་བཞིན་གྱི་གཏན་བཤད་དབང་ཆ་མཐོར་འདེགས་དང་། ཁྱོན་ཆེ་བའི་ཁེ་ཕན་མཉམ་གནས་ཀྱི་ཕུང་བོ་ཞིག་སྐྲུན་དགོས། 
ལྔ། མཉམ་སྤྱོད་འཕེལ་རྒྱས་ལས་མི་དམངས་ཡོངས་ལ་བདེ་སྐྱིད་ཀྱི་ཚོར་སེམས་བསྐྲུན་ཐུབ། 

     གྲོས་ཚོགས་ལས་བསྟན་དོན། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་ལ་ངེས་པར་ཏུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་དང་། འཕེལ་རྒྱས་མི་དམངས་ལ་བསྟེན་པ། འཕེལ་རྒྱས་ཀྱི་འབྲས་བུ་མི་དམངས་ཀྱིས་མཉམ་སྤྱོད་བྱེད་དེ། སྔར་ལས་ནུས་ལྡན་གྱི་ལམ་ལུགས་བཀོད་སྒྲིག་བྱས་པར་བརྒྱུད། མི་དམངས་ཡོངས་ལ་མཉམ་སྤྱོད་འཕེལ་རྒྱས་མཉམ་འཛུགས་ཁྲོད་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་འཕེལ་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཟབ་དང་། མི་དམངས་མཐུན་སྒྲིལ་ལ་སྐུལ་འདེད་བྱས་ནས། ཐུན་མོང་ཕྱུག་འགྱུར་གྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ། 

བྱེད་སྟངས་གསར་པ།

1.འབྲིང་རིམ་ལས་རིགས་སློབ་གསོ་དང་དཀའ་ཁག་ཡོད་པའི་སློབ་མའི་སྤྱིར་བཏང་གི་མཐོ་འབྲིང་སློབ་ཡོན་མི་དགོས་པ།

       གྲོས་ཚོགས་ཀྱིས་བསྟན་དོན། སློབ་གསོའི་སྤུས་ཚད་མཐོ་རུ་གཏང་ནས་འགན་འོས་སློབ་གསོ་སྙོམས་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཡོངས་ཁྱབ་བྱས་ཏེ། རིམ་བཞིན་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་མི་དགོས་པར་རིགས་དབྱེ་བྱེད་ནས། ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་དཔལ་འབྱོར་དཀའ་ཁག་ཅན་གྱི་སློབ་མར་སྤྱིར་བཏང་གི་མཐོ་འབྲིང་སློབ་ཡོན་མི་དགོས་པ་བྱེད་དེ་ཁྱིམ་ཚང་དཔལ་འབྱོར་དཀའ་ཁག་ཅན་གྱི་སློབ་མར་རོགས་སྐྱོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་དགོས།

2.ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ཀྱི་ནད་ཚབ་ཅན་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་པ། 

          གྲོས་ཚོགས་ལས་བསྟན་དོན། སྔར་ལས་འདྲ་མཉམ་དང་རྒྱུན་མཐུན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གསར་འཛུགས་བྱེད་དེ། དམངས་ཡོངས་འགན་སྲུང་དུ་ཞུགས་པའི་འཆར་གཞི་ལག་བསྟར་བྱེད་ནས། ལས་བཟོ་པའི་རྨང་གཞིའི་རྒན་གསོ་དངུལ་སྒོར་རྒྱལ་ཡོངས་སུ་གཅིག་གྱུར་ཇུས་འགོད་མངོན་འགྱུར་བྱུང་སྟེ། རྒྱལ་ཁབ་ལ་དབང་བའི་མ་རྩ་ཆ་ཤས་གཅིག་སྤྱི་ཚོགས་འགན་སྲུང་ཐེབས་རྩ་རུ་གཏོང་འཇོག་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ནད་ཚབ་ཅན་གྱི་འགན་སྲུང་ལམ་ལུགས་ལག་བསྟར་བྱ་རྒྱུ།
3.ཕྱོགས་ཡོངས་ནས་བཟའ་ཚང་གཅིག་གིས་ཕྲུ་གུ་གཉིས་གསོ་སྐྱོང་བྱེད་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་པ། 

 གྲོས་ཚོགས་ལས་བསྟན་དོན། མི་འབོར་ཆ་སྙོམས་སྒོས་འཕེལ་རྒྱས་འགྲོ་ཆེད། འཆར་ལྡན་བུ་བཙའ་ཡི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་ཚང་བྱེད་པ། ཕྱོགས་ཡོངས་ནས་བཟའ་ཚང་གཅིག་གིས་ཕྲུ་གུ་གཉིས་གསོ་སྐྱོང་བྱེད་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་དེ། མི་འབོར་བགྲེས་སོང་ཅན་ལ་ཁ་གཏད་ཀྱི་བྱ་ཐབས་ནན་མོ་སྤེལ་རྒྱུ།

འབྱུང་འགྱུར་གྱི་འོས་འགན་ནི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་《དགོངས་འཆར།》གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ་ཡིན།

 

         གྲོས་ཚོགས་ལས་མིག་སྔར་གྱི་གནས་བབ་དང་འོས་འགན་ལ་དབྱེ་ཞིབ་བྱས་ཏེ། མིག་སྔར་དང་འབྱུང་འགྱུར་གྱི་དུས་སྐབས་གཅིག་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གལ་ཆེའི་ཆབ་སྲིད་འགན་འཁྲི་ཞིག་ཡོད་དེ། གྲོས་ཚོགས་ཀྱི་དགོངས་དོན་ནན་གྱིས་དོན་འཁྱོལ་བྱ་རྒྱུ་དང་། 《དགོངས་འཆར།》ལས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་དོན་ཐོག་ཏུ་འབབ་དགོས།
མི་དོན་བསྐོ་འཐེན་ལས། ལིང་ཅི་ཧཱ་དང་ཀྲུའུ་པུན་ཧྲུན་སོགས་ཏང་གི་སྒྲིག་ཁྲིམས་ལས་ཕྱིར་ཕུད།

      གྲོས་ཚོགས་ལས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ལྷན་གྱི་རྗེས་སྣོན་ཨུ་ཡོན་ལིའུ་ཞའོ་ཁའེ། ཁྲེན་ཀྲུ་རོང་། ཅིན་ཀྲུན་ཅི་བཅས་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དུ་ཁ་གསབ་བྱེད་པ་གཏན་ཁེལ་བྱས། 

         གྲོས་ཚོགས་ཀྱི་གྲོས་ཞིབ་ལས། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ལིང་ཅི་ཧཱ་དང་ཀྲུའུ་པུན་ཧྲུན། དབྱང་ཏུང་ལིའང་། ཀྲུའུ་མིང་གོ ཝང་མིང་། ཁྲེན་ཁྲོན་ཕིང་། ཆིའུ་ཧུ། དབྱང་ཝེ་ཙུ། ཕན་ཡི་དབྱང་། དབྱི་ཡོན་ཧུའེ་བཅས་ཀྱིས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཚབས་ཆེན་གྱི་འདྲི་དཔྱད་སྙན་ཞུར་གྲོས་འཆམ་བྱུང་སྟེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྔར་ལིང་ཅི་ཧཱ་དང་ཀྲུའུ་པུན་ཧྲུན། དབྱང་ཏུང་ལིའང་། ཀྲུའུ་མིང་གོ ཝང་མིང་། ཁྲེན་ཁྲོན་ཕིང་། ཆིའུ་ཧུ། དབྱང་ཝེ་ཙུ། ཕན་ཡི་དབྱང་། དབྱི་ཡོན་ཧུའེ་བཅས་ལ་ཏང་གི་སྒྲིག་ཁྲིམས་ལས་ཕྱིར་ཕུད་པའི་ཆད་གཅོད་གཏན་འཁེལ་བྱས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1