ལི་ཁེ་ཆང་དང་ལྷོ་ཁོ་རེ་ཡའི་གྲོས་ཚོགས་ཀྱི་འགན་འཛིན་པ་ཀྲིན་ཡུས་ཧི་རྣམ་གཉིས་མཉམ་དུ་ཀྲུང་གོའི་ཡུལ་སྐོར་ལོ་མཇུག་རྫོགས་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  སྤྱི་ཟླ་11པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲིག་ཨེར་རྒྱལ་ཁབ་གྲོས་ཚོགས་ཁང་ནས་ལྷོ་ཁོ་རེ་ཡའི་གྲོས་ཚོགས་ཀྱི་འགན་འཛིན་པ་ཀྲིན་ཡུས་ཧི་དང་མཉམ་དུ་ཀྲུང་གོའི་ཡུལ་སྐོར་ལོ་མཇུག་རྫོགས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

  ལི་ཁེ་ཆང་གིས་ཤིས་ཚིག་ནང་2015ལོའི་ཀྲུང་གོའི་ཡུལ་སྐོར་ལོ་ལྷོ་ཁོ་རེ་ཡ་ནས་རྒྱལ་ཁའི་ངང་སྤེལ་བར་རྟེན་འབྲེལ་ཞུས། ཁོང་གིས་ཡུལ་སྐོར་ནི་དཔལ་འབྱོར་བྱེད་སྒོ་ཞིག་ཡིན་པར་མ་ཟད། མི་ཆོས་རིག་གནས་ཀྱི་བརྗེ་རེས་ཤིག་ཀྱང་རེད། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་ནི་ཁྱིམ་མཚེས་སུ་གནས་ཤིང་མི་ཆོས་རིག་གནས་ཉེ་འབྲེལ་དུ་གྲུབ་པ། རང་བྱུང་མཛེས་ལྗོངས་དང་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་གཉིས་རེད། ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་ལྷོ་ཁོ་རེ་ཡར་སྤེལ་བར་ཆེས་མཐའ་མཇུག་གི་ས་ཚིགས་མ་ཡིན་པར། ཆེས་ཐོག་མའི་འགོ་རྩོམ་ས་རེད། སང་ལོ་ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་ཀྲུང་གོ་ནས་སྤེལ་རྒྱུ་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་སྤྱི་དམངས་མང་པོ་ལྷོ་ཁོ་རེ་ཡར་ཡུལ་སྐོར་དུ་འགྲོ་བར་རྒྱབ་སྐྱོར་བྱ་བར་མ་ཟད་ལྷོ་ཁོ་རེ་ཡའི་མི་དམངས་ཀྲུང་གོར་ཡུལ་སྐོར་དུ་ཡོང་བར་དགའ་བསུ་བྱ་ངེས། འདིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ངོས་འཛིན་གཏིང་ཇེ་ཟབ་དང་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མཛའ་འབྲེལ་ཇེ་བརྟན་དུ་གཏང་བར་ཕན་ནུས་གལ་ཆེན་འདོན་ངེས་པ་བསྟན།

  ཀྲིན་ཡུས་ཧི་ཡིས་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་ནི་མི་སེམས་གཅིག་ཏུ་མཐུན་ཞིང་མི་ཆོས་ལྷན་དུ་སྦྲེལ་བའི་རྒྱལ་ཁབ་གཉིས་རེད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་། ཀྲུང་གོའི་ཡུལ་སྐོར་ལོས་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་མི་གྲངས་བྱེ་བ་བརྒལ་བར་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། ལྷོ་ཁོ་རེ་ཡི་ཕྱོགས་ནས་སང་ལོའི་ཀྲུང་གོར་སྤེལ་པའི་ཡུལ་སྐོར་ལོའི་གོ་སྐབས་དམ་འཛིན་བྱས་ཏེ་ཕྱོགས་གཉིས་ཀྱི་ཡུལ་སྐོར་ལས་རིགས་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1