ཞི་ཅིན་ཕིང་གིས་སང་གྷ་ཕོར་གྱི་སྲིད་འཛིན་ཁྲེན་ཆིན་ཡན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-09


  སྤྱི་ཟླ་11པའི་ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་གྷ་ཕོར་གྱི་སྲིད་འཛིན་ལས་ཤག་ཏུ་སང་གྷ་ཕོར་གྱི་སྲིད་འཛིན་ཁྲེན་ཆེན་ཡན་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱིས་ཀྲུང་གོ་དང་སང་གྷ་ཕོར་རྒྱལ་ཁབ་གཉིས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བའི་གོ་གནས་ལ་ངོས་འཛིན་གཅིག་མཐུན་བྱུང་། དེ་མིན་རྒྱལ་ཁབ་གཉིས་ཀྱི་རང་དབང་བཟོ་ཚོང་གི་གྲོས་གཞིའི་འཕར་རིམ་ཐད་ལ་གྲོས་ཞིབ་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་སང་གྷ་ཕོར་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་སྐབས་འདིར་སང་གྷ་ཕོར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཐུབ་བྱུང་བར་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་དང་སང་གྷ་ཕོར་གཉིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་རིང་ལ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཡངས་ཤིང་རིམ་པ་སྣ་མང་ཅན། དངོས་དོན་གསར་གཏོད་ཀྱི་ཕྱོགས་ཡོངས་མཉམ་འབྲེལ་སྤེལ། དེང་སྐབས། ཀྲུང་གོ་དང་སང་གྷ་ཕོར་གྱི་འབྲེལ་བ་གོ་སྐབས་གསར་པ་ཞིག་ལ་བསྙེག་བཞིན་པའི་སྐབས་ལ་འཁེལ་འདུག ང་ཚོས་སང་གྷ་ཕོར་དང་མཉམ་དུ་འབད་པ་ཆེན་པོས་ཀྲུང་གོ་དང་སང་གྷ་ཕོར་གྱི་འབྲེལ་བའི་འབྱུང་འགྱུར་གསར་དུ་གཏོད་འདོད། གཅིག་ནི་མཐོ་རིམ་སྒྲིག་གཞི་ལེགས་པོ་བཟོ་དགོས། མཐོ་རིམ་གྱི་གཏིང་ཟབ་པའི་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་འདྲེས་ལ་ཤུགས་སྣོན། འགོ་ཁྲིད་ཀྱི་མུ་མཐུད་དུ་དབུ་ཁྲིད་ཀྱི་ནུས་པ་བཏོན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ལ་ངོས་འཛིན་གསལ་པོ་བྱ་དགོས། གཉིས། དུས་རབས་དང་མཐུན་པའི་སྒོ་ནས་དངོས་དོན་མཉམ་འབྲེལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཀྲུང་གོའི་ཕྱོགས་ནས་སང་གྷ་ཕོར་དང་མཉམ་དུ་ཚན་རྩལ་དང་ཁོར་སྲུང་། སློབ་གསོ་དང་མི་ཆོས། སྤྱི་ཚོགས་གཉེར་སྐྱོང་སོགས་ཀྱི་ཐད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། གསུམ། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་ཀའི་ཁྲོད་བབ་སྟུན་དང་རོགས་འདེགས་བྱ་དགོས་ཞེས་བསྟན།

  ཁྲེན་ཆིན་ཡན་གྱིས་སང་གྷ་ཕོར་དབུ་བརྙེས་ནས་ལོ་འཁོར་50ལོན་པ་དང་ཀྲུང་གོ་དང་སང་གྷ་ཕོར་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་བཀྲ་ཤིས་པའི་ལོ་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་སང་གྷ་ཕོར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་ཐུབ་པར་ཡིད་ཆེས་ཡོད། སང་གྷ་ཕོར་དང་ཀྲུང་གོའི་འབྲེལ་བ་བཟོ་ཚོང་ཁྱབ་ཁོངས་ལས་བརྒལ་ཏེ་དུས་རབས་དང་མཐུན་པའི་ཕྱོགས་ཡོངས་མཉམ་འབྲེལ་གྱི་ཕྱོགས་ལ་འཕེལ་བཞིན་འདུག སང་གྷ་ཕོར་གྱི་ཕྱོགས་ནས་ཀྲུང་གོས་བཏོན་པའི་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་གི་གྲོས་གཞིར་གཟེངས་བསྟོད་བྱེད་བཞིན་ཡོད། གྲོས་གཞི་འདི་ས་གནས་ཀྱི་འཕེལ་རྒྱས་ལ་ཕན་པས་ཟབ་ཞུགས་དང་མཉམ་འབྲེལ་བྱ་འདོད། སང་གྷ་ཕོར་ཕྱོགས་ནས་ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་གཏན་འཇགས་ཡོང་བའི་སྟོབས་ཤུགས་ཡིན་པར་ཡིད་ཆེས་ཡོད་ལ་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཐད་བརྗེ་རེས་བྱ་འདོད། དེ་མིན་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དང་ལྷན་དུ་ཀྲང་གོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་ངེས་ཞེས་བསྟན།

  མཇལ་འཕྲད་སྔོན་དུ་ཁྲེན་ཆིན་ཡན་གྱིས་སྲིད་འཛིན་ལས་ཤག་ཐང་ཆེན་དུ་གཟབ་རྒྱས་ངང་དགའ་བསུའི་མཛད་སྒོ་སྤེལ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1