མཐོ་སྒང་གི་གླག་རྒོད།

ཀོ་དོ་མཁན་པོས་བྲིས། རྩོམ་སྒྲིག་པ།ཀོ་དོ་མཁན་པོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-11


 ---- བོད་གཞོན་བློ་གྲོས་རིན་ཆེན་གྱི་སྔོན་ཐོན་མཛད་རྗེས་བཀོད་པ།

ཆུ་ལོག་ཡོང་དུས་བློ་གྲོས་རིན་ཆེན་གྱིས་མི་སེར་ཚོ་ཉེན་ཁའི་ས་ནས་བདེ་འཇགས་ཡུལ་དུ་གནས་སྤོ་རོགས་བྱེད་བཞིན་པ།

  2015ལོའི་ཟླ་11པའི་ཚེས་4ཉིན། བོད་གཞོན་བློ་གྲོས་རིན་ཆེན་གྱི་སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུ་ཚོགས་པ་འབར་ཁམས་སུ་ཕེབས་ནས། འབར་ཁམས་ས་ཁུལ་གྱི་ལས་བྱེད་མང་ཚོགས་དང་ས་གནས་བཅའ་སྡོད་དམག་མི། སློབ་གྲྭ་འབྲིང་ཆུང་གི་སློབ་མ་600ལྷག་ལ་བློ་གྲོས་རིན་ཆེན་གྱི་སྔོན་ཐོན་མཛད་རྗེས་ཀྱི་སྙན་ཞུ་ཕུལ། ཁོང་གི་གཅེས་སྲོག་མི་དམངས་ཀྱི་དོན་དུ་བློས་བཏང་གནང་བའི་བླ་ན་མེད་པའི་མཛད་རྗེས་ཀྱིས་ཉན་མཁན་ཚོའི་སེམས་ཁོང་གི་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བ་མ་ཟད། རང་དབང་མེད་པའི་མིག་ཆུ་རྒྱུད་ཐག་ཆད་པ་ལྟར་སར་ལྷུང་།

  བློ་མཐུན་བློ་གྲོས་རིན་ཆེན་ནི་1987ལོའི་ཟླ་3པའི་ཚེས་31ཉིན་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ་སྐུ་འཁྲུངས་ཤིང་། ན་གཞོན་དུས་ནས་བློ་རིག་གསལ་ཞིང་སྤྱི་སེམས་ཆེ་བ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་འགྲིམ་སྐབས་བརྩོན་འགྲུས་ལྡན་ཞིང་ཕུགས་བསམ་ཡོད་པའི་བོད་གཞོན་ཞིག་ཡིན། 2010ལོར་རྔ་བ་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་རྔ་བ་རྫོང་རོང་ཝམ་ཡུལ་ཚོ་ཀིརྟི་མ་སྡེ་བའི་སློབ་ཆེན་སློབ་མའི་སྡེ་དཔོན་གྱི་ལས་འགན་ཁུར་ནས་ད་བར་དུ་ཀིརྟི་མ་སྡེ་མི་ཚོ་ལ་ཞབས་འདེགས་ཞུས། 


ཁོང་ཉིད་མ་འདས་པའི་སྔོན་དུ་ལས་གྲོགས་རྣམས་དང་གྲོང་སྡེར་ལས་དོན་བསྒྲུབ་ཏུ་འགྲོ་བཞིན་པ།

ཉེན་སྐྱོན་མདུན་དུ་དཔའ་མི་ཞུམ།

  ད་ལོའི་ཟླ་6པར། རྔ་བ་རྫོང་དུ་སྔ་ན་བྱུང་མ་མྱངས་པའི་ཆར་ཆུ་རྒྱས་ཏེ་ཆུ་ལོག་ཆེན་པོ་བྱུང་ནས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་16ལ་གནོད་སྐྱོན་ཚབས་ཆེན་བཟོས། ཟླ་6པའི་ཚེས་26ཉིན་བློ་གྲོས་རིན་ཆེན་གྱིས་རོང་ཝམ་ཡུལ་ཚོའི་སྲིད་གཞུང་དུ་སྡེ་བའི་དོན་དག་ཅིག་སྒྲུབ་བཞིན་ཡོད་དུས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་གིས་ཁ་པར་འབྱོར་ནས་ཆར་བ་ཆེན་པོས་སྡེ་བའི་ནང་གི་ཁྱིམ་ཚང་ལྔའི་སྡོད་ཁང་གཏོར་ཞིག་བྱུང་ཚུལ་བཤད། ཉེན་ཁ་ཆེ་བའི་སྐད་བརྡ་འདི་གོ་རྗེས། ཁོང་སེམས་མ་བདེ་ནས་ཕྱི་ཉིན་སྔ་མོ་ཁོང་དང་ཡུལ་ཚོའི་ལས་བྱེད་པ་གཉིས་དང་མཉམ་དུ་ཆར་ཆུ་ཆེན་པོའི་ཉེན་ཁ་འབྱུང་བ་ལ་མ་འཛེམ་ནས་སྡེ་བར་ལོག་རྗེས་སྡེ་བའི་ལས་བྱེད་པ་དང་མཉམ་དུ་དུས་ཐོག་ཏུ་ད་རུང་ཉེན་ཁ་ཆེན་བའི་སྡེ་མི་240ལྷག་བདེ་འཇགས་ཀྱི་ཡུལ་དུ་གནས་སྤོ་བྱེད་རོགས་བྱས། ཉིན་ཁ་ཤས་ཀྱི་རིང་དུ་ཆར་བ་བསྟུད་མ་བབས་པས་ཀིརྟི་མ་དང་ཕྱི་ཡུལ་བར་གྱི་འབྲེལ་བ་རྩ་བ་ནས་ཆད་དེ་ཅི་བྱ་འདི་བྱ་མེད་ནས་ཐབས་ལམ་བྲལ་དུས། བློ་གྲོས་རིན་ཆེན་མི་ཚོགས་ཀྱི་དཀྱིལ་ནས་ལངས་ཏེ་ང་ཡུལ་ཚོར་ཡར་ཞུ་བྱེད་དུ་འགྲོ་ཞེས་ཟེར་ནས་སྤྱི་ལེ་90ལྷག་གི་ལམ་ཐག་ཡོད་པའི་ཡུལ་ཚོའི་སྲིད་གཞུང་དུ་ཀིརྟི་མར་ཆུ་ལོག་གི་གནོད་འཚེ་ཐེབས་ཚུལ་ཡར་ཞུ་བྱེད་དུ་སོང་བ་ནས་བཟུང་། ང་ཚོ་ཁོང་ཉིད་དང་གཏན་དུ་མཇལ་རྒྱུའི་སྐལ་བ་བྲལ་སོང་། རང་ལོ་28ལས་མེད་པའི་བོད་གཞོན་བློ་གྲོས་རིན་ཆེན་མི་དམངས་ཀྱི་དོན་དུ་གཏན་ནས་ཞིང་ཁམས་སུ་བུད་སོང་། 

རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཁོང་ལ་མྱ་ངན་ཞུ་བཞིན་པ།

ཚང་མས་བཟང་གི་ཞེས་མཐེ་བོ་བསྒྲེངས།

  བློ་གྲོས་རིན་ཆེན་2010ལོར་རྔ་བ་དགེ་འོས་སློབ་གླིང་ནས་མཐར་ཕྱིན་རྗེས་གཞན་པའི་སློབ་ཆེན་སློབ་མ་ལྔ་དང་མཉམ་དུ་རྔ་བ་རྫོང་རོང་ཝམ་ཡུལ་ཚོར་སྡེ་དཔོན་གྱི་ལས་འགན་བགོས། ཀིརྟི་མ་སྡེ་བ་ནི་ཡུལ་ཚོ་ཡོངས་ལས་ས་རྒྱ་ཆེས་ཆེ་བ་དང་མི་ཆེས་མང་བ། ཡུལ་ཚོ་སྲིད་གཞུང་དང་ཐག་རིང་བ་མ་ཟད།  མི་རེར་འདྲ་མཉམ་ཡོང་སྒོ་ཆེས་དམའ་བའི་འབྲོག་སྡེ་ཞིག་ཡིན་ནའང་བློ་གྲོས་རིན་ཆེན་གྱིས་འདང་རྒྱག་ཅི་ཡང་མ་བྱས་ནས་ཀིརྟི་མར་འགྲོ་རྒྱུ་ཐག་བཅད་བྱས། 

ཁོང་ཉིད་སྡེ་བའི་སློབ་ཆེན་སློབ་མའི་སྡེ་དཔོན་གྱི་ལས་འགན་ཁུར་རྗེས། མྱུར་དུ་སྡེ་བའི་གནས་ཚུལ་རྒྱུས་ལོན་བྱེད་ཆེད། ཟླ་གཅིག་གི་རིང་དུ་སྡེ་ཡོངས་ཀྱི་ཁྱིམ་ཚང་རེ་རེ་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱས་ཤིང་། ཁོང་གིས་སྡེ་མི་ཚོའི་རིག་གནས་ཆུ་ཚད་དམའ་ཞིང་གཞུང་གི་སྲིད་ཇུས་དགོངས་དོན་སྐོར་ལ་རྒྱུས་ལོན་ཟབ་མོ་མེད་པ་ལ་དམིགས་ཏེ། སྡེ་མི་རྣམས་ཀྱི་ཡར་ཞུ་ཡི་གེ་དང་ཁྱིམ་ཐོ་ལེན་པ། རྣམ་པ་གསར་པའི་ཞིང་གྲོང་སྨན་བཅོས་ལས་ཀ་སོགས་སྒྲུབ་རོགས་བྱས་པར་མ་ཟད།  རིམ་པ་སོ་སོའི་སྲིད་གཞུང་གི་དགོངས་དོན་གལ་ཆེན་དང་སྲིད་ཇུས་གསར་པ་རྣམས་དུས་ཐོག་ཏུ་སྡེ་མི་ཚོར་དྲིལ་བསྒྲགས་གཏོང་བ་དང་དྲུང་ཡིག་པའི་ལས་འགན་ཁུར། དུས་ཡུན་རིང་མ་འགོར་ནས་སྡེ་མི་ཚོས་གསར་དུ་བྱུང་བའི་སྡེ་དཔོན་གྱི་ལས་དོན་ལ་བཟང་གི་ཞེས་པའི་མཐེ་བོ་བསྒྲེངས་པ་དང་ཆབས་ཅིག རང་ཁྱིམ་དུ་བོས་ནས་མགྲོན་ཁ་དང་མར་ཆུར་སྦྱིན་ཡང་ཁོང་གིས་གཏན་ནས་ལེན་མི་སྲིད། 

  རོང་ཝམ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞའོ་ཧྥེང་གིས་བློ་གྲོས་རིན་ཆེན་ནི་ལས་དོན་སྒྲུབ་དུས་སེམས་ཧ་ཅང་ཞིབ་མོ་དང་འགན་སེམས་ཆེ་བ་ཞིག་ཡིན། རྒྱུན་དུ་སྡེ་བའི་ལས་རིགས་སོ་སོའི་གྲངས་ཀ་ཕྱོགས་བསྡོམས་བྱེད་པའམ་ཡང་ན་མི་སེར་ཚོར་ཁ་སྣོན་མ་དངུལ་སྦྱིན་དུས་ཐེངས་གཅིག་ཀྱང་ནོར་འཁྲུལ་ཡོང་མ་མྱངས་ཞེས་བཤད།

སྡེ་བའི་སྐྱིད་ཅིང་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དུས། སྡེ་བའི་ནང་དུ་གསང་སྤྱོད་ཁང་ཞིག་དང་གད་སྙིགས་མཛོད་ཅིག་སྐྲུན་རྒྱུའི་འཆར་གཞི་ཡོད་ཀྱང་། སྡེ་མི་ཚོས་དགོས་མཁོ་མེད་པར་སྙམ་པ་མ་ཟད།  རང་གིས་ཀྱང་སྒོར་མོ་ཉུང་ཙམ་བསྡུ་དགོས་བསམ་ནས་སྐྲུན་མོས་མེད་ཚེ། བློ་གྲོས་རིན་ཆེན་གྱིས་ལས་གྲྭ་འདི་མི་སེར་རྣམས་ལ་ཕན་པ་ཆེ་བར་སྙམ་ནས། དཀའ་ལས་ལ་མ་འཛེམ་ནས་ཁྱིམ་ཚང་རེ་རེ་བརྒྱུད་དེ་ལས་དོན་བསྒྲུབས་མཐར་མི་སེར་རྣམས་སེམས་འགུལ་ཐེབས་ནས་ལས་གྲྭ་འདི་ལེགས་འགྲུབ་བྱུང་། 

  ཀིརྟི་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་གིས་སྡེ་བའི་ནང་གི་ལས་གྲྭ་ཞིག་འཛུགས་སྐྲུན་བྱེད་དུས་བློ་གྲོས་རིན་ཆེན་ནམ་རྒྱུན་དུ་ཡུལ་དངོས་སུ་ལྟ་སྐུལ་གྱི་ལས་འགན་སྐུལ་མེད་རང་མོས་ཀྱིས་འཁུར་བཞིན་ཡོད། སྡེ་བའི་ནང་གི་ལས་གྲྭ་ཡོད་ཚད་ལེགས་འགྲུབ་ཡོང་བར་ཁོང་དང་འབྲེལ་བ་དམ་པོར་ཡོད་པར་མ་ཟད་ཁོང་དང་བྲལ་ཐབས་མེད་པ་ཞིག་རེད་ཅེས་བཤད། ཡང་བཤད་རྒྱུར་ཁོང་གི་ཚེ་སྲོག་དང་ཀུན་སྤྱོད་བཟང་པོ་ནི་མི་དམངས་ཀྱི་ལས་འགན་དང་དམ་པོར་མཆིས་པ་མ་ཟད། ཁོང་གིས་ང་ཚོར་ཤུལ་དུ་བཞག་པ་ནི་ཁོང་གི་ལྷག་བསམ་དང་ཁོང་གི་སྙིང་སྟོབས། ཁོང་གི་མཛད་རྗེས་རེད་ཨང་།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1