དཀར་པོ་དྲུག་སྦྱོར། ཕོ་བ་སྦོས་པ་དང་།ཁྲོག་པ། ན་བ། སྒྲེག་སྐྱུགས་བྱེད་པ། དེ་བཞིན་གདོང་དང་མིག་པགས་སྐྲངས་པ།མིག་ལ་སྐྱར་རིབ་བྱུང་བ་སོགས་ལ་ཕན།
འཁྲུག་གློ་ཀུན་སེལ། ཁྲག་འཁྲུགས་པ་དང་གློ་ལངས་པ།ལུད་པ་དམར་སེར་དོན་པ།དབུགས་གཏོང་མི་བདེ་བ། ཁྱད་པར་དུ་ཆམ་ནད་ལ་ཤིན་ཏུ་ཕན།
དངུལ་ཆུ་རིན་ཆེན་བཅོ་བརྒྱད། ཁྲག་ངན་ཆུ་སེར་རྒྱས་པ་གཟི་མདངས་ཉམས་པ། མཛེ་ནད་ཀྱི་རིགས་དང་གཉན་ཚད་སོགས་ལ་ཕན་པ་ཡིན་ནོ།
ཚིག་ཐུབ་རིལ་བུ། ལྟོ་ཆས་ལ་འཕྲོད་པ་དང་ལ་ཞུ་བ་ཕོ་བ་ན་བ། གཅུས་འདྲིལ་བརྒྱབ་པ། ཁྱད་པར་དུ་ཕོ་སྲིད་གླང་འཐབ་ནད་ལ་མཆོག་ཏུ་གྱུར་པ་ཡིན་ནོ། །
སྟར་བྱང་། བརྡབས་ཆག་རྐྱེན་གྱིས་ཁྲག་རྩ་གཅུས་པ་དང་བཙིར་བ། ཁྲག་གི་རྒྱུ་བ་འགག་པ། དབུགས་བཀག་པ། ཁྱད་པར་དུ་བརྡབས་ཆག་ནད་དང་མ་ཞུ་བར་ཕན་ནོ།།
ནོར་བུ་བདུན་ཐང་། ཆམ་རིམས་ཀྱི་མགོ་དང་རུས་ཚིགས་ན་བ་དང་གྲང་ཤུམ་རྒྱག་པ། ལུས་ཁམས་ལྕི་བ། སྐོམ་ཚད་ཆེ་བ། མཚན་མོ་ཚ་དྲོད་རྒྱག་པ་སོགས་དང་ཁྱད་པར་དུ་ཆམ་རིམས་འགོག་པར་བྱེད་པའི་ནུས་པ་ཡོད།
ཟླ་ཤེལ། ཟླ་ཤེལ་གྱི་ཕན་ནུས་ནི་ཕོ་བ་ན་བ་དང་། ཚ་ཤར་བརྒྱབ་པ། དུག་དང་སྨུག་པོའི་ནད། ཁྲག་སྐྱུགས་པ། ཁྲག་བཤལ་བ། གཉན་ཚད་དང་ཚད་རྙིང་། འགྲམས་འཁྲུགས། མ་ཞུ་བ། གླང་འཐབ། སྲིན་ནད། ཆུ་སེར། སྐྲན་ནད་ལྡན་པ་དང་། འདུས་པའི་ནད་རྣམས་ཀུན་ལ་ཕན་གྱི་ཡོད་པས་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་བཏང་ན་འགྲིག་པ་རེད།
སྨུག་པོ་གཡུ་རྒྱལ། གཡུ་རྒྱལ་ནི་ཅུང་བསིལ་ཞིང་བཟི་མེད། ཕན་ནུས་ནི་བྲང་ཚ་བ། ཆུ་སྐྱུར་སྐྱུགས་པ། མཁྲིས་པ་སྐྱུགས་པ། རྒྱ་བཤལ་སྐྱུགས་པ། ཕོ་མཆིན་རྒྱབ་མདུན་སྦྲགས་ནས་ན་བ། སྟོད་ན་བ། ཁྲག་མཁྲིས་ཕོ་བར་ལྷུང་བ། སྨུག་པོ་རྒྱས་པ་དང་སྨུག་པོ་བྱེར་བ། འདུས་ནད་སྨུག་པོའི་ནད་ལ་ཕན་པས་གཏོང་ཐབས་ཉིན་རེར་ཐེངས་གཅིག་དང་ཐེངས་རེར་རིལ་བུ་གཅིག་བཏང་ན་ཆོག
བདེ་སྨུག བདེ་སྨུག་ནི་བསིལ་དྲོད་སྙོམས་པ་དང་། བཞི་མེད། ཕན་ནུས་ཁྲག་མཁྲིས་ཕོ་བར་ལྷུང་བ་དང་། སྨུག་པོ་ཁྲག་སྐྲན་འདྲི་བ། ཕོ་བའི་མེ་དྲོད་ཉམ་པ། མ་ཞུ་གསར་རྙིང་གི་ནད་དང་ཕོ་ནད་ཚ་གྲང་ཀུན་ལ་ཕན་པས་གཏོང་ཐབས་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་གཏོང་དགོས།
གྲང་སྦྱོར། གྲང་སྦྱོར་ནི་ཕོ་བར་ཚ་ཤར་བརྒྱབ་པ། ཁྲག་ནག་དུད་ཁུ་སྐྱུགས་པ། བཤལ་བ། འདུས་ནད་སྨུག་པོའི་ནད། གཅོང་ནད། ཁྲག་མཁྲིས་ཀྱི་ནད། བད་རླུང་གི་ནད། མགོའི་རྨ། བྲང་ཁོག་གི་རྨ། ཡན་ལག་གི་རྨ། མཛེ་འབྲས། ཚད་རྙིང་། རིམས་ནད། རྒྱུ་གཟེར། ཁྱི་དུག་སོགས་ལ་ཕན་པས་ཉིན་རེར་ཞོགས་པ་ལྟོ་ཆས་མ་བཟས་གོང་རིལ་བུ་གཅིག་བཟས་ན་འགྲིག་པ་རེད།
ཐང་ཆེན་ཉེར་ལྔ། ཐང་ཆེན་ཉེར་ལྔ་ནི་དུག་དང་སྨུག་པོའི་ནད། ཚད་རྙིང་བྱེར་བ། འདུ་བ་ཚ་གྲང་སྒོམ་པ། རླུང་མི་སྐྱེ་བ། བད་ཀན་སེལ་བ། མཁྲིས་པ་སེལ་བ། ལུས་ལྕི་བ། ཁ་སྐམ་པ། དང་ག་འགག་པ་སོགས་ལ་ཕན་པས་གཏོང་ཐབས་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་བཏང་ན་ཆོག
གཡུ་ཁྱུང་། གཡུ་ཁྱུང་ནི་ཕོ་བ་དང་རྒྱུ་མར་ན་ཟུག་ཡང་ཡང་གཏོང་བ་དང་། ཁྲག་མཁྲིས་ཕོ་བར་ལྷུང་བ། སྨུག་པོ་གླང་འཐབ་ཀྱི་ནད་དང་གཉན་གཟེར་གཅོག་པ་སོགས་ལ་ཕན་པས་གཏོང་ཐབས་ནི་ཉིན་རེར་ཐེངས་གཅིག་དང་ཐེངས་རེར་གཡུ་དྲིལ་བཅུ་གསུམ་རིལ་བུ་བཞི་དང་།ཁྱུང་ལྔ་རིལ་བུ་གསུམ་མཉམ་དུ་གཏོང་དགོས། །