གངས་ལྗོངས་སྟག་ཤར་ཕུར་བ་སྐྱབས་ནི་བོད་སྟོད་སྨད་བར་གསུམ་ཏུ་གྲགས་པའི་ཁམས་ཀྱི་མངའ་ཁོངས་ཆུ་ཆེན་ཁྲོ་སྐྱབས་བར་མའི་སྡེ་བ་འོ་བཟེ་ཡུལ་ཚོའི་ཞིང་ལས་དུད་ཚང་དཀྱུས་མ་ཞིག་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་མི་ཡུལ་དུ་གྱེར།
ཆུང་དུས་ནས་བཟུང་བྱིས་པ་རིག་རྒོད་ཅིག་ཡིན་ལ་པྲ་ཚགས་ཤིག་ཀྱང་ཡིན། སློབ་འབྲིང་བདེ་ལེགས་ངང་མཐར་ཕྱིན་རྗེས་འདྲ་མིན་གྱི་འཚོ་བ་སྣ་ཚོགས་ཏེ་ཞབས་ཞུ་པའི་འཚོ་བ། སྒོ་སྲུང་སོགས་ཀྱག་ཀྱོག་གི་ལམ་ཕྲན་གང་མང་བརྒྱུད་རྗེས་གཟི་རྩ་སྡེ་ དགུའི་གླུ་གར་ཚོགས་པ་ཞིག་ཏུ་ཞུགས་ཐུབ་པ་བྱུང་། རྒྱ་ནག་གི་འཁྲབ་ཁྲིད་པ་གྲགས་ཅན་ཧོ་ཞོ་ཧ་ཉིན་ཞིག་ཚོགས་པ་དེར་ཡོང་ནས་ཕུར་པ་སྐྱབས་ 《 ཧི་མ་ལ་ཡའི་རྒྱལ་སྲས། 》ཀྱི་འཁྲབ་སྟོན་པར་བདམས་ཐོན་བྱུང་ལ་རྒྱ་ཡིག་དང་རྒྱ་སྐད་སྦྱངས་པར་ཧྲང་ཧེའི་སློབ་ཆེན་ཏུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་ཐོབ། དེ་ནས་བཟུང་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ན་ཕུར་པ་སྐྱབས་ཀྱི་མིང་གླེང་མཁན་ཇེ་མང་ནས་ཇེ་མང་ཏུ་འགྱུར་བཞིན་ཡོད་ལ། 2006ལོའི་ཟླ་8པར་ཤར་ཕྱོགས་བརྙན་འཕྲིན་གྱིས་བསྡུས་པའི་ཕོ་རྒོད་དམ་བུ་ཕྲུག་བཟང་པོ་ཞེས་པའི་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས་ནས་མཚན་སྙན་རྒྱལ་ནང་ཡོངས་སུ་ཁྱབ།
2008ལོའི་ཟླ་5པའི་ཚེས་18ཉིན། མོ་ནཱ་གོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཆེས་ཕུལ་ཏུ་བྱུང་པའི་སྐྱེས་པ་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ་དང་2008ལོའི་ཟླ་12པར་རང་ཉིད་ཀྱི་ཆེས་ཐོག་མའི་གླུ་གཞས་ 《 བརྩེ་དུང་ནི་འདི་འདྲའི་སྟབས་བདེ་ཞིག་རེད། 》 ཅེས་པར་སྐབས་16པའི་ཤར་ཕྱོགས་རིམ་སྒྲིག་པང་གི་གླུ་དབྱངས་གྲགས་ཅན་བཅུ་ཡི་གྲས་སུ་ཚུད། 2013ལོར་ཁོང་གིས་འཁྲབ་སྟོན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ 《 ས་བདག་ཕོ་མོ། 》 དང་ཟླ་12བར་ཁོང་གི་ཆེས་ཐོག་མའི་འཁྲབ་ཁྲིད་བྱས་པའི་བརྙན་ཕྲན་ 《 ཡིད་ཆེས་ཀྱི་འགྲིམ་འགྲུལ། 》 ལ་སྐབས་གསུམ་པའི་པེ་ཅིང་རྒྱལ་སྤྱིའི་བརྙན་ཕྲན་དུས་ཆེན་སྟེང་འཁྲབ་སྟོན་པ་གསར་པ་སོགས་བྱ་དགའ་མང་ཏུ་ཐོབ།
ཁོས་འབད་པའི་ཁ་ཕྱོགས་གཙོ་བོ་ནི་གློག་བརྙན་འཁྲབ་སྟོན་དང་འཁྲབ་ཁྲིད་པ་ཡིན་ལ། 《བྱང་ཤར་དམག་འཁྲུག 》《 ཤར་ཕྱོགས་རིམ་སྒྲིག་པང་། 》《 གདུགས་དམག་རུ་ཁག་དང་པོ། 》《 བརྩེ་དུང་གིས་མི་ཚེ་གསུམ་ལ་སྡོམ་ཚིག་བཞག 》 《 ས་བདག་ཕོ་མོ། 》《 སུང་དང་ཐང་རྒྱལ་རབས་ཀྱི་དཔའ་བོ། 》 《 ལྷ་མོའི་གཏམ་རྒྱུད་དང་རིན་ཆེན་ནོར་བུ། 》 《 ཝོ་ལུང་རི་བོའི་ཇག་དམག་བཅོམ་པའི་ཟིན་ཐོ། 》 སོགས་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་། 《 དར་མདོའི་མཛའ་གཞས། 》 《 ཐང་རྒྱལ་རབས་ཀྱི་ཞོན་ཙང་། 》《 བརྩེ་དུང། 》 《 ཧི་ལ་ཡའི་རྒྱལ་སྲས། 》 《 ཁྲག་ཐིག 》 སོགས་གློག་བརྙན་ཉི་ཤུ་ལྷག་འཁྲབ་སྟོན་བྱས་ཡོད།
2015ལོར་ཁོ་རང་གིས་འཁྲབ་སྟོན་པ་གཙོ་བོའི་འགན་ཁུར་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ 《 གདུགས་དམག་རུ་ཁག་དང་པོ། 》 རྒྱལ་ནང་གི་འཁྲབ་སྟོན་པ་གྲགས་ཅན་མང་པོ་དང་མཉམ་ཏུ་འཁྲབ་སྟོན་བྱས་པ་ནས་བཟུང་མཚན་སྙན་ལྷག་པར་རྒྱས་པ་ལ་རྒྱལ་ནང་གི་ཆེས་ཐོག་མའི་གདུགས་དམག་རུ་ཁག་དང་པོ་རུ་གྱུར།
ཕུར་པ་སྐྱབས་ཀྱིས་ཆར་རླུང་གི་ཁྲོད་ནས་རྒྱུད་མྱངས་པའི་མི་ཚེ་སྟོད་མར་ཕྱིར་མིག་ཐེངས་རེ་འཕངས་ཏེ་ལག་ཟུང་མཐེ་བོང་མཐོ་མཐོར་བསྒྲེངས་པ་དང་བརྒྱུད་བཞིན་པའི་མི་ཚེ་ཕྱི་མར་ང་ཚོས་ནམ་ཡིན་ཡང་སྔར་ལས་ལྷག་པའི་གཟི་བརྗིད་དང་མཚར་སྡུག་འཕྲོ་བའི་སྨོན་འདུན་ཞུ། །