ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧོའོ་ཡེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


 

  སྤྱི་ཟླ་11པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུར་ཁེ་ཡི་ཨན་ཐ་ལི་ཡ་ནས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧོའོ་ཡེ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་སི་ཕེན་ནི་ཀྲུང་གོའི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་དང་གལ་ཆེ་བའི་མཛའ་འབྲེལ་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་འཁོར་42ལོན་པའི་རིང་ལ་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་བཀུར་དང་རྒྱུས་ལོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གལ་ཆེའི་ལས་དོན་ལ་རྒྱབ་སྐྱོར་བྱས། ད་ལོ་ནི་ཀྲུང་གོས་སི་ཕེན་དང་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་བཙུགས་ནས་ལོ་འཁོར་10ལོན་པའི་ལོ་རེད། ང་ཚོས་ནུས་གླིང་དང་མཉམ་དུ་མུ་མཐུད་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་མཉམ་འབྲེལ་རྒྱ་སྐྱེད་བྱས་ཏེ་ཀྲུང་གོ་དང་སི་ཕེན་གྱི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་པར་སྐུལ་འདེད་གཏང་འདོད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་མཐུད་སྦྲེལ་ལ་སྐུལ་འདེད་གཏང་དགོས། ང་ཚོས་སི་ཕེན་གྱི་ལག་རྩལ་འཇོན་མིའི་ཁྱད་ཆོད་དམིགས་སུ་བཟུང་སྟེ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། དེ་མིན་མི་དམངས་ཀྱི་བརྗེ་རེས་དང་མི་ཆོས་བགྲོ་གླེང་རྒྱ་སྐྱེད་དེ་ཕྱོགས་གཉིས་ཀྱི་དམངས་སེམས་རྨང་གཞི་ཇེ་བརྟན་དུ་གཏང་དགོས་ཞེས་བསྟན།

  ལཱ་ཧོའོ་ཡེ་ཡིས་ཀྲུང་གོ་ནི་སི་ཕེན་གྱི་གལ་ཆེ་བའི་མཛའ་འབྲེལ་རྒྱལ་ཁབ་ཡིན་ཞིང་དེང་སྐབས་སི་ཕེན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། སེ་ཕེན་དང་ཀྲུང་གོའི་བཟོ་ཚོང་ལ་འཕེལ་རྒྱས་མདུན་ལྗོངས་ལེགས་པོ་ལྡན། ཀྲུང་གོས་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་བྱས་པ་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན། སི་ཕེན་གྱི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་མཉམ་འབྲེལ་གྱི་ཆུ་ཚད་མཐོར་འདེགས་དང་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གལ་ཆེའི་ལས་ཀའི་ཐད་ཀྱི་སྙོམས་སྒྲིག་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། དེ་མིན་སང་ལོའི་ཀྲུང་གོའི་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་རྒྱབ་སྐྱོབ་བྱ་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1