སེར་ཤུལ་རྫོང་གིས་ལས་བཟོ་པར་ཐུམ་འབུའི་ནད་ཀྱི་ཆེད་དོན་སྒྲོག་འགྲེལ་གྱི་གསོ་སྦྱོང་ཚོགས་འདུ་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-19


          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཐད་ཕྱོགས་བསྡུས་བདག་སྐྱོང་གི་བྱ་ཐབས་སྤྱད་དེ། དུས་ཡུན་ཐུང་ངུའི་ནང་སེར་ཤུལ་རྫོང་གི་ཐུམ་འབུ་ནད་ཀྱི་འགོག་བཅོས་ལས་ཀར་འཕོ་འགྱུར་ཆེ་ཙམ་ཡོད་པར་ཁག་ཐེག་བྱ་དགོས་ཞེས་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལྟར། ཉེ་ཆར། སེར་ཤུལ་རྫོང་གིས་སྲིད་དོན་ལྟེ་གནས་ཀྱི་བརྙན་རིས་གྲོས་ཚོགས་ཁང་ནས་ལས་བྱེད་པ་དང་ལས་བཟོ་པར་ཐུམ་འབུའི་ནད་ཀྱི་ཆེད་དོན་སྒྲོག་འགྲེལ་གྱི་གསོ་སྦྱོང་ཚོགས་འདུ་འཚོགས། རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་དང་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་23གྱི་ཏང་ཨུའི་སྲིད་གཞུང་གི་འགན་ཁུར་པ། ཐུམ་འབུའི་ནད་ཀྱི་བོད་རྒྱ་སྐད་གཉིས་སྨྲ་བའི་སྒྲོག་འགྲེལ་བ་བསྡོམས་པས་མི་གྲངས་70ལྷག་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས། 

    གསོ་སྦྱོང་ཚོགས་འདུའི་ཐོག་ཏུ་སི་ཁྲོན་ཞིང་ཆེན་ནད་འགོག་ལྟེ་གནས་ཀྱི་ལས་བྱེད་མི་སྣ་གདན་འདྲེན་བྱས་ཏེ་རྫོང་དེ་གའི་ལས་བྱེད་པ་དང་ལས་བཟོ་པར་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱའི་སྐོར་གྱི་ཆེད་དོན་གསོ་སྦྱོང་བྱས། ནད་འགོག་ལྟེ་གནས་ཀྱི་ལས་བྱེད་མི་སྣས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཁྱབ་བསྒྲགས་བརྙན་རིས་གཏོང་བ་དང་ཞོར་ཏུ་མཚམས་སྦྱོར་གྱི་བྱ་ཐབས་བརྒྱུད་དེ་ཚོགས་ཞུགས་མི་སྣར་ཕྱོགས་ཡོངས་ནས་ཐུམ་འབུའི་ནད་ཀྱི་འབྱུང་རྐྱེན་དང་རིམས་འགོས་བརྒྱུད་ལམ། འགོག་བཅོས་བྱ་ཐབས་སོགས་འགྲེལ་བཤད་བྱས། རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་གསོ་སྦྱོང་དུ་ཞུགས་པའི་མི་སྣར་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་ཀའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡག་པོ་བྱ་རྒྱུ་དང་། གོམ་གང་མདུན་སྤོས་སྒོས་འགོག་བཅོས་ཤེས་བྱ་ཁོང་དུ་ཆུད་ཅིང་འགོག་བཅོས་ལས་ཀའི་ཤེན་ཤུགས་ཆེ་རུ་གཏང་རྒྱུ། སྔོན་འགོག་གཙོ་བོར་བཟུང་ནས་ཚན་རིག་དང་མཐུན་པའི་སྒོས་འགོག་བཅོས་བྱེད་པའི་ཐབས་ཇུས་རྒྱུན་འཁྱོངས་བྱ་རྒྱུ། སྣེ་ཁྲིད་ལ་ཤུགས་སྣོན་ཏེ་རྡོག་རྩ་གཅིག་སྒྲིལ་དང་རང་རང་གི་ལས་གནས་ཀྱི་ས་ནས་འགོག་བཅོས་བྱ་ཐབས་རིམ་པ་བཞིན་ནན་གྱིས་འཁྱོལ་ཏེ་ཐུམ་འབུའི་ནད་ཀྱིས་སེར་ཤུལ་རྫོང་གི་མང་ཚོགས་ཀྱི་བདེ་ཐང་དང་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་གནོད་འཚེ་ཆུང་དུ་གཏང་དགོས་པའི་བླང་བྱ་བཏོན། 

   སྔར་ལས་ལྷག་པའི་སྒོས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱ་དང་དམངས་ཕན་སྨན་བཅོས་སྲིད་ཇུས་ཀྱི་སྒྲོག་འགྲེལ་ལས་ཀ་དོན་འཁྱོལ་ཡག་པོ་བྱུང་བ་དང་། སྒྲོག་འགྲེལ་མི་སྣས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་ཤེས་རྟོགས་ཐུབ་ཚད་དང་མཐོང་ཆེན་བྱེད་ཚད་མཐོར་འདེགས་གཏོང་ཆེད། སེར་ཤུལ་རྫོང་གིས་ཆེད་དུ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག་བཙུགས་ཤིང་ཕྱོགས་བསྡུས་འགོག་བཅོས་ཤེས་བྱའི་སྒྲོག་འགྲེལ་གྱི་འགན་གཉེར་མི་སྣ་མངགས་གཏོང་བྱས་ཏེ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཤེས་བྱར་དམིགས་པའི་སྒྲོག་འགྲེལ་བྱས་པ་དེ་ནི་དཀར་མཛེས་ཁུལ་དུ་ཐུམ་འབུའི་ནད་འགོག་བཅོས་སྐོར་གྱི་སྒྲོག་འགྲེལ་ཐོག་མ་དེ་ཡིན། བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་པས་སྒྲོག་འགྲེལ་བརྒྱུད་དེ་ཞིང་འབྲོག་མང་ཚོགས་ལ་འཚོ་བའི་ཁྲོད་ཀྱི་འཕྲོད་བསྟེན་ཀུན་སྤྱོད་ལ་སྐུལ་འདེད་ཀྱི་ནུས་པ་ཐེབས་ཤིང་། དུས་བཀག་ལྟར་ལུས་པོར་བརྟག་དཔྱད་བྱ་ནས་སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ནད་དཔྱད། སྔ་ཙམ་ནས་སྨན་བཅོས་བྱ་རྒྱུར་ཕན་ནུས་བསྐྲུན།

        ཐུམ་འབུའི་ནད་འགོས་ཡོད་པའི་ནད་པ་རྣམས་ལ་ནུས་ལྡན་གྱི་སྨན་བཅོས་ཡོང་ཆེད། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་དཀར་མཛེས་ཁུལ་དུ་ཐུམ་འབུའི་ནད་ཀྱི་སྨན་བཅོས་བདེ་ཐང་སླར་གསོ་ལྟེ་གནས་འཛུགས་རྒྱུ་ཐག་གཅོད་བྱས་པ་དང་རིན་པ་སྤྲོད་མི་དགོས་པར་ཐུམ་འབུའི་ནད་འགོས་ཡོད་པའི་ནད་པར་བདེ་ཐང་སླར་གསོའི་སྨན་བཅོས་བྱ་རྒྱུ་ཡིན་པར་མ་ཟད་ནད་པ་རེར་སྒོར་25000གི་སྨན་བཅོས་རོགས་སྐྱོར་མ་དངུལ་སྟེར་རྒྱུ་རེད། དམངས་ཕན་སྲིད་ཇུས་དེ་གཏན་ལ་ཕབ་པར་ནད་པའི་ནད་ལས་གྲོལ་ཚད་དང་འཚོ་གནས་ཐུབ་ཚད་ལ་མཐོར་འདེགས་མངོན་གསལ་ཡོད་ངེས་ཤིང་། འཐུས་ཚང་སྒོས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀར་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་བྱས་པ་མཚོན་ཡོད་དེ། གོམ་གང་མདུན་སྤོས་སྒོས་སེར་ཤུལ་རྫོང་གི་མང་ཚོགས་ཀྱིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་འགག་སྒྲོལ་འཐབ་རྩོད་ལས་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏང་ངེས། 

       ཐེངས་འདིའི་འགོག་བཅོས་ཤེས་བྱའི་གསོ་སྦྱོང་བྱས་པར་བརྒྱུད། སྔར་ལས་ལྷག་པའི་སྒོས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་བསམ་པའི་ཁ་ཕྱོགས་དང་འགོག་བཅོས་ཀྱི་འགག་གནད་གོ་རིམ་ཇེ་གསལ་དུ་བཏང་ནས་རྗེས་ཕྱོགས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀ་སྤེལ་བ་དང་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་ཐབས་སོ་སོར་སྲ་བརྟན་གཏང་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། ཐུམ་འབུ་ནད་ཀྱི་འགོས་ཁྱབ་ལ་ཚོད་འཛིན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བར་ཕན་ནུས་བསྐྲུན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1