ཞི་ཅིན་ཕིང་གིས་ནིའུ་ཟེ་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19




  སྤྱི་ཟླ་11པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་ནིའུ་ཟེ་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། རྒྱལ་ཁབ་གཉིས་ཀྱིས་བཟོ་ཚོང་དང་མི་ཆོས།   སྲིད་ཁྲིམས་དང་ཁྲིམས་སྐྱོང་། རྒྱལ་སྲུང་ལས་ཀ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་བརྗེ་རེས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་འདི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གཏན་འཇགས་དང་འཕེལ་རྒྱས་ལའང་ཕན། ཀྲུང་གོའི་ཕྱོགས་ནས་ནིའུ་ཟེ་ལན་གྱི་བགྲོ་གླེང་དང་བརྗེ་རེས། མཉམ་འབྲེལ་བཅས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་རྒྱུན་ཆད་མེད་པར་གྲུབ་འབྲས་ལེགས་པོ་ལེན་པར་སྐུལ་འདེད་གཏང་འདོད། ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་མཐོ་རིམ་དང་རིམ་པ་སོ་སོའི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་སོ་སོའི་སྒྲིག་འཛུགས་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་དགོས་པར་མ་ཟད་ཟས་རིགས་བདེ་འཇགས་དང་བརྡ་འཕྲིན་ལག་རྩལ། ནུས་ཁོངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། སྐྱེས་དངོས་གསོ་རིག་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཐད་ནས་མཉམ་འབྲེལ་གྱི་འཕེལ་ལམ་གསར་པ་འཚོལ་ཞིབ་བྱ་དགོས། དེ་མིན་རིག་གནས་དང་ལུས་རྩལ། ས་ཁུལ་སོགས་མི་ཆོས་བརྗེ་རེས་རྒྱ་སྐྱེད་དང་སྲིད་ཁྲིམས་ཁྲིམས་སྐྱོང་དང་ཉེན་སྲུང་ལས་ཀའི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོའི་ཕྱོགས་ནས་ནིའུ་ཟི་ལན་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས།    ཤར་ཨེ་ཤ་ཡའི་མཐོ་རིམ་གྲོས་ཚོགས། ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་རྒྱལ་མང་སྡེ་ཁག་དང་གནམ་གཤིས་འགྱུར་ལྡོག ས་ཁུལ་དཔལ་འབྱོར་གཞི་གཅིག་ཅན་དུ་གྱུར་པ་སོགས་ཀྱི་ཐད་ནས་བརྗེ་རེས་དང་སྙོམས་སྒྲིག་བྱ་འདོད་པར་མ་ཟད་མཉམ་དུ་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ཡོ་ཧན་ཅི་ཡིས་ནིའུ་ཟི་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས་ཤིང་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་དགའ་སྤྲོ་སྐྱེས་བཞིན་ཡོད། ནིའུ་ཟི་ལན་གྱིས་ཀྲུང་གོ་དང་མཉམ་དུ་བཟོ་ཚོང་དང་ཞིང་ཕྱུགས་ལས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་ནིའུ་ཟི་ལན་ལ་དངུལ་རྩ་འཇོག་པར་དགའ་བསུ་ཞུ་བཞིན་ཡོད། ནིའུ་ཟི་ལན་སྔ་མོ་ནས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་དུ་ཞུགས་རྒྱུའི་ཐག་གཅོད་སྔ་མོ་ནས་བྱས་ཡོད། དེ་ནི་ནིའུ་ཟི་ལན་དང་ས་གནས་འདི་གའི་དངོས་དོན་ཁེ་ཕན་དང་མཐུན་པ་རེད་ཅེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1