ལི་ཁེ་ཆང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་དམ་ཟབ་སྦྲེལ་ཏེ་ཚན་རིག་དང་མཐུན་པའི་སྒོས་རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་《འཆར་འགོད་རྩ་དོན།》བཟོ་བཀོད་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


         སྤྱི་ཟླ་11པའི་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་《འཆར་འགོད་རྩ་དོ།》བཟོ་བཀོད་ཀྱི་ལས་ཀའི་ཚོགས་འདུ་བསྡུས་ཤིང་གསུང་བཤད་གལ་ཆེན་གནང་། 

         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་ཞུགས་བྱས། 

    ཚོགས་ཐོག་ཏུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་《འཆར་འགོད་རྩ་དོན།》བཟོ་བཀོད་ཐད་ནས་གནས་ཚུལ་སྙན་ཞུ་བྱས་ཏེ་ཚོགས་ཞུགས་བློ་མཐུན་དང་བགྲོ་གླེང་བྱས། ལི་ཁེ་ཆང་གིས་གསུང་རྒྱུར། འབྱུང་འགྱུར་གྱི་ལོ་ལྔ་ནི་རང་རྒྱལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྒྱལ་ཁ་ལེན་པའི་དུས་མཚམས་ཤིག་ཡིན་པ་དང་རིམ་སྤོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཀྱང་ཡིན། ང་ཚོས་སྔར་དང་མི་གཅིག་པའི་རྒྱལ་ཕྱི་ནང་གི་ཁོར་ཡུག་ཅིག་དང་ཁ་གཏད་ཡོད་དེ། ཕྱོགས་གཅིག་ནས་རེ་ལྟོས་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་ཀྱི་དུས་སྐབས་སུ་གནས་ཡོད་པས་ཅུང་ཆེ་བའི་བསམ་བློ་གཏོང་ས་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་དཀའ་ཞིང་ས་ཁུལ་འབྲེལ་ཁུངས་ཀྱི་ཆབ་སྲིད་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གནས་བབ་ཀྱི་འགྱུར་ལྡོག་ལས་རང་རྒྱལ་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་དེ་ལས་ཛ་དྲག་ཏུ་གྱུར་ཡོད། རྒྱལ་ནང་དཔལ་འབྱོར་སྒྱུ་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་པའི་གཞི་གྲངས་མཐོ་བའི་གནས་ཚུལ་འོག་བརྟན་གནས་འཁོར་རྒྱུག་གི་མངོན་འགྱུར་དང་། བཅོས་བསྒྱུར་དང་ལས་ཞུགས་སོགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་དཀའ་ཁག་ཇེ་ཆེར་གྱུར་ཡོད། 

   ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། 《འཆར་འགོད་རྩ་དོན།》ལ་ངེས་པར་ཏུ་འཕེལ་རྒྱས་བསམ་གཞི་གསར་པ་འབུར་ཏུ་ཐོན་དགོས། གསར་གཏོད་དང་མཐུན་འགྲིག ལྗང་འགྱུར་དང་སྒོ་འབྱེད། མཉམ་སྤྱོད་ཀྱི་བསམ་གཞི་དོན་འཁྱོལ་ནན་མོ་བྱས་ཏེ་གལ་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས་སྒུལ་ཤུགས་སྣོན་པ་དང་དོ་མཉམ་ཡོང་བར་སྐུལ་བ། རྒྱུན་མཐུད་རུང་བ་དང་བར་སྟོང་རྒྱ་བསྐྱེད་པ། སྔར་ལས་བཟོད་སྒོམ་གྱི་ཐད་ནས་ཤུགས་རྒྱག་དགོས། 

   ལི་ཁེ་ཆང་གིས་གསུང་རྒྱུར། 《འཆར་འགོད་རྩ་དོན།》ལ་ངེས་པར་ཏུ་བཅོས་བསྒྱུར་གྱི་སྙིང་སྟོབས་བརྒྱུས་དགོས། བཅོས་བསྒྱུར་གྱི་བྱ་ཐབས་གང་ལེགས་སྤེལ་བར་བརྒྱུད་འཕེལ་རྒྱས་ཀྱི་བཀག་རྒྱ་དང་དྲང་གཞག་ལ་འགོག་རྐྱེན་བཟོ་བའི་ཞན་ཆ་གཏོར་དགོས། ངེས་པར་ཏུ་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམིགས་པ་དང་ནུས་ལྡན་གྱི་དམ་འཛིན་བྱེད་ས་ཞིག་གསལ་པོ་བྱ་དགོས། འགངས་ཆེན་གྱི་ལས་གཞི་འབོར་ཆེན་ཞིག་དང་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱེད་པར་བརྒྱུད་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་ཤུགས་ལ་གནད་པའི་འཐབ་ཇུས་ཀྱི་མཐོ་གནོན་བཙན་ས་འཛིན་དགོས་ཤིང་། སྔར་ལས་སྤུས་ལེགས་དང་སྔར་ལས་སྣ་མང་གི་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་དགོས།

   ལི་ཁེ་ཆང་གིས་གསུང་རྒྱུར། 《འཆར་འགོད་རྩ་དོན།》ལ་ངེས་པར་ཏུ་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་ཤུགས་སྐུལ་སློང་བྱེད་པ་གཙིགས་སུ་འཛིན་དགོས་ཏེ། ཕྱོགས་གཅིག་ནས་ས་གནས་ཀྱི་འཆར་འགོད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་འཆར་འགོད་ལས་ཀྱང་ཆ་རྐྱེན་ལྡན་པའི་ས་གནས་ལ་འཕེལ་རྒྱས་ཀྱི་གྲུབ་ཚུལ་ལེགས་བཅོས་དང་ཇུས་འགོད། འཚོལ་ཞིབ་དང་ཚོད་ལྟའི་བྱེད་གནས་ཀྱི་རིགས་གང་མང་སྤེལ་བར་རྒྱབ་སྐྱོར་བྱ་དགོས། 

        ལིའུ་ཡེན་ཏུང་། མཱ་ཁའེ། དབྱང་ཅིན། ཁྲང་ཝང་ཆོན། ཝང་ཡོང་བཅས་ཚོགས་ཞུགས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1