འཇམ་དབྱངས་ཚེ་རིང་གིས་བརྩམས་ཆོས་《ཁམས་པའི་བྱེད་ཐབས།》དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


     སྤྱི་ཟླ་11པའི་ཚེས་16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གྱི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི་བརྩམས་སྒྲུང་རིང་གྲས་《ཁམས་པའི་བྱེད་ཐབས།》ནི་ཀྲུང་གོའི་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་དབྱིན་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། བརྩམས་ཆོས་དེ་ནི་ཡུལ་ཤུལ་ཁུལ་གྱི་ཆེས་ཐོག་མར་དབྱིན་ཡིག་ཏུ་བསྒྱུར་བ་མ་ཟད་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱས་པའི་རྩོམ་རིག་བརྩམས་ཆོས་ཐོག་མ་དེ་ཡིན།

      བརྩམས་སྒྲུང་《ཁམས་པའི་བྱེད་ཐབས》ཞེས་པའི་རྒྱ་ཡིག་པར་གཞི་དེ་ནི་2010ལོའི་ཟླ་5པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་ཤིང་། དེའི་ནང་དུ་གཙོ་བོར་མཚོ་སྔོན་ཡུལ་ཤུལ་གྱི་ཁམས་པའི་འབྲོག་པ་ཁ་མཁས་དང་བློ་བཀྲ་སོགས་གྱི་མི་འདྲ་བའི་ལས་དབང་བཤད་ཡོད་པ་དང་། ཚེ་རབས་ཀུན་ཏུ་མཚོ་བོད་མཐོ་སྒང་སྟེང་དུ་འཚོ་གནས་བྱེད་པའི་ཁམས་པའི་བོད་མིའི་འཚོ་བའི་རྣམ་པ་ཆ་ཚང་མངོན་ནས་ཁམས་པའི་བོད་མིས་འཚོ་བ་གསར་པས་ཁྱེར་ཡོང་བའི་རྡབ་རྡེག་དང་འགལ་བར་གདོང་གཏད་དུས་བྱུང་བའི་བླ་སྲོག་ལ་ཐུག་པའི་འགྱུར་བ་དང་འཕག་འཚག་དེ་གསལ་པོར་བསྟན་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ན་45ལོན་པའི་འཇམ་དབྱངས་ཚེ་རིང་ནི་སྔོན་ཆད་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་འཛིན་གྲྭ་ནས་སློབ་སྦྱོངས་བྱས་མྱོངས་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡི་འགན་བཞེས་ཡོད། ཁོང་གི་སྙན་ངག་བརྩམས་ཆོས་ནི་《སྙན་ངག་དུས་དེབ།》དང་《རྒྱུ་སྐར་སྙན་ངག་དུས་དེབ།》 ཨ་རིའི་རྒྱ་སྐད་གྱི་སྙན་ངག་དུས་དེབ་《སྐམ་ས་གསར་པ།》སོགས་དུས་དེབ་ནང་དུ་ཁ་ཐོར་བཀོད་ཡོད། བརྩམས་སྒྲུང་རིང་གྲས་《ཁམས་པའི་བྱེད་ཐབས།》ནི་སྐབས་བརྒྱད་པའི་མའོ་ཏུན་རྩོམ་རིག་བྱ་དགའ་རུ་ཚུད་པ་དང་། སྐབས་དང་པོའི་ཐང་བོད་གནའ་ལམ་གྱི་རྩོམ་རིག་བྱ་དགའ་ཐོབ། བརྩམས་སྒྲུང་ཐུང་གྲས་《དགའ་སྤྲོ་རབ་ཏུ་འཁོལ་བའི་ཆིབས་སྒ།》ལ་《བརྩམས་ཆོས།》ཞེས་པ་དང་ལུའུ་ཞུན་རིག་གཞུང་སློབ་གླིང་གི་སྐབས་བཅུ་གཉིས་པའི་བརྩམས་ཆོས་བྱ་དགའ་ཐོབ། 
       ཁམས་པའི་རྩོམ་རིག་གསར་རྩོམ་གྱི་ལམ་བུའི་ཐོག་གི་རྩོམ་པ་པོ་སྔ་ཤོས་ཤིག་ལ་མཚོན་ན། 《ཁམས་པའི་བྱེད་ཐབས།》དབྱིན་ཡིག་ཏུ་བསྒྱུར་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་གཟི་བརྗིད་ཞིག་མཚོན་པར་མ་ཟད་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་ཁས་ལེན་གནང་བ་རེད།འཇམ་དབྱངས་ཚེ་རིང་གི་རེ་བ་ནི་ཕྱིན་ཆད་རྩོམ་པ་པོ་དེ་བས་མང་བ་ཞིག་གི་བརྩམས་ཆོས་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱས་པ་དང་མཛེས་སྡུག་ལྡན་པའི་ཁམས་པའི་བོད་ཀྱི་རིག་གནས་མངོན་པ་དེ་ཡིན། 
      དེང་རབས་ཀྱི་མིང་དུ་གྲགས་པའི་བོད་རིགས་རྩོམ་པ་པོ་ཨ་ལེ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཁམས་པའི་རྩོམ་པ་པོའི་ཚོགས་པས་ཀྲུང་གོའི་རྩོམ་རིག་གི་ར་བ་ནས་སྟོབས་ཤུགས་གསར་པ་མངོན་བཞིན་ཡོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས་ཁམས་པའི་རྩོམ་པ་པོའི་ཚོགས་པ་ཆགས་་ཡོད་ལ། ཀྲུང་གོའི་རྩོམ་རིག་གི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1