༄༅།། མི་ཚེའི་འཕྲལ་ལམ་ཆེས་བདེ་མོ་ནི་རྨད་བྱུང་གི་དཔེ་ཆ་ཀློག་པ་དེ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


  ང་ལ་རང་གི་ལེགས་བཤད་ཅིག་ཡོད་དེ། དཔེ་ཆ་ཀློག་ན་རྨད་བྱུང་གི་དཔེ་ཆ་ཀློགས་ཞེས་པ་དེ་ཡིན། ངའི་བསམ་པར་དཔེ་ཆ་ཀློག་ན་ངེས་པར་རྨད་བྱུང་གི་དཔེ་ཆ་བཀླག་དགོས་ལ། མི་ཞིག་བྱེད་ན་ངེས་པར་ཕུལ་བྱུང་གི་མི་ཞིག་བྱ་དགོས།

  རྨད་བྱུང་གི་བསྟན་བཅོས་ཀློག་པ་དང་། ཡང་ན་མི་ཚེའི་ལས་དབང་ལ་ཁ་ཕྱོགས་སྟོན་ཐུབ་པའི་དཔེ་ཆ་དེ་དག་བཀླགས་པས། ཕུལ་བྱུང་གི་སློབ་གྲྭ་སོགས་ནས་ཐོན་པའི་མི་དེ་དག་གང་དུ་སོང་ཡང་གཞན་ལས་ཕུགས་རིང་ལ་ཡུན་བརྟན་པའང་རྒྱུ་མཚན་དེས་ཡིན།

  ད་སྐབས། ང་ཚོ་ནི་ཆ་འཕྲིན་གྱི་རྒྱ་མཚོའི་ཀློང་དུ་ལྷུང་ཡོད་པས། ལས་བསོད་ཧ་ཅང་ཆེ་བར་བཤད་ཆོག ཡིན་ན་ཡང་ཆ་འཕྲིན་མང་དྲགས་ཏེ་མི་རྣམས་མགོ་ཡུ་འཁོར་བར་བྱེད་ཀྱིན་ཡོད་པས། ཆ་འཕྲིན་བསལ་འདེམ་བྱེད་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། ངའི་དཔེ་ཀློག་གི་བསལ་འདེམ་བྱ་ཚུལ་ནི་འདི་ལྟར་ཡིན་ཏེ། ཚོང་བྲིན་པའི་དཔེ་ཆ་གཏན་ནས་མི་བཀླགས། དེ་ནི་ངས་ཚོང་བྲིན་པའི་དཔེ་དེབ་ལ་མཐོང་ཆུང་བྱས་པ་མིན་པར། རང་གི་མི་ཚེ་ལ་ཚད་ཡོད་པས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བྱེ་གསེང་ནས་བུད་པའི་གསེར་ལྟ་བུའི་དཔེ་དེབ་བཀླག་རྒྱུ་ལས་དུས་ཚོད་མེད་པས་ཡིན།

  ང་ལ་མཚོན་ན་དཔེ་དེབ་ཇི་ལྟར་རྙིང་ན་དེ་ལྟར་བཟང་སྟེ། རྒྱུ་མཚན་ནི་ལོ་དུས་ཇི་ལྟར་སྔ་ན་ངས་མི་རྣམས་ཀྱིས་བརྩམས་པའི་ཡི་གེ་ལ་ཚེ་སྲོག་གི་གསོན་ཤུགས་དེ་ལྟར་ཆེ་བར་སྙམ།

  དཔེ་དེབ་གང་དེའི་རྩོམ་པ་པོས་ཀུན་སློང་ཅི་ལྟ་བུ་ཞིག་གི་འོག་ནས་དཔེ་དེབ་གང་དེ་བརྩམས་པར་ཡང་བརྟག་དགོས་ཏེ། ཁོས་ཚོང་རའི་དགོས་མཁོར་དམིགས་ནས་བྲིས་པ་ཡིན་ནམ་ཡང་ན་རང་ཉིད་ཀྱི་ཚེ་སྲོག་དང་མྱོང་བརྒྱུད་སོགས་ཀྱིས་བསྐུལ་འོག་བྲིས་པ་ཡིན། གལ་ཏེ་ཚེ་སྲོག་དང་ཁྲག་དོན་གྱི་མྱོང་བརྒྱུད་དངོས་དེས་སྟོང་ཚེ་ཁྱོད་ཀྱིས་ཀློག་གིན་པ་དག་ཀྱང་ཡི་གེའི་གཟུགས་ཙམ་ལས་འདས།

  དཔེ་ཆ་གང་དེས་ཀློག་པ་པོར་ཤུགས་རྐྱེན་ཐེབས་སྐབས་ནི་ཏག་ཏག་ཀློག་པ་པོའི་ཡིད་ཁམས་ཡི་གེའི་ཚེ་སྲོག་དང་འདྲེས་པའི་སྐབས་དེ་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ་ནུབ་མེད་་དུ་བཞུགས་པའི་བསྟན་བཅོས་དག་ནི་མིའི་རིགས་ཀྱི་རབས་དུ་མས་བསལ་འདེམ་བྱས་པའི་མཇུག་འབྲས་ལས་ཐོན་པ་ལས། ད་ལྟའི་ཚོང་རའི་གདམ་གསེས་ལས་ཐོན་པ་མིན་ལ། ཁྱབ་སྒྲོག་གི་སྐད་ཆ་ཙམ་ལས་བསྐྱེད་པའང་མིན། དེ་ནི་གནད་ཀྱི་དམ་པ་ཡིན།

  མིའི་རིགས་ལ་རྒྱུས་ཆེ་བའི་བསྟན་བཅོས་དེ་དག་སྟེ། ཨ་གསར་ལ་དགའ་བའི་ད་ལྟའི་མི་རྣམས་ཀྱིས་མིག་ནང་དུ་མི་འཇོག་པའི་ཡི་གེ་དེ་དག་ཀློགས་དང་། ཡི་གེ་དེ་དག་གིས་ང་ཚོ་ལ་ཚེ་སྲོག་དང་མཛེས་དཔྱོད། བདེན་པ། སྐད་ཆ་དང་འཇིག་རྟེན་སོགས་ཀྱི་འབྲེལ་བར་ཚོར་བ་ཉེ་བོ་ཞིག་སྐྱེ་རུ་འཇུག་པ་ཡིན། ངས་བསམས་ན་ངའི་མི་ཚེའི་འཕྲལ་ལམ་ཆེས་བདེ་མོ་དེ་ནི་དུས་ཚོད་དང་ཚེ་སྲོག་འཛམ་གླིང་གི་རྨད་དུ་བྱུང་བའི་དཔེ་ཆ་ཀློག་པ་ལ་བསྟིམས་པ་དེ་ཡིན་པར་རློམ་ཡོད།

  དེས་ན་ཐོག་མར་ངའི་བསམ་པར་ཆོས་ལུགས་ཀྱི་བསྟན་བཅོས་ངེས་པར་ཀློག་དགོས་པར་འདོད། ཆོས་ལུགས་ཀྱི་བསྟན་བཅོས་ལས་ང་ཚོས་མི་གཤིས་དང་འཇིག་རྟེན་ལས་བརྒལ་བའི་མཐོང་སྣང་ཞིག་རྙེད་ལ། ང་ཚོ་རང་ཉིད་ཀྱི་ཉམ་ཆུང་ནུས་མེད་ཀྱི་ཆ་དེ་ཡང་མཐོང་ཐུབ་པས།  རང་བཞིན་གྱིས་ཁེངས་སྐྱུངས་དང་ཞི་འཇམ་ངང་གནས་པར་བྱེད།

  དེ་ནས་མཚན་ཉིད་རིག་པ་ངེས་པར་བཀླག་དགོས་ཏེ། མཚན་ཉིད་རིག་པས་ནི་མི་མི་ཡིན་པའི་རྒྱུ་མཚན་དང་མིར་གྲུབ་པའི་ཡང་སྙིང་དེར་འཚོལ་དཔྱོད་བགྱིད་པ་ཡིན། མི་ཞིག་ཡིན་པའི་ཆ་ནས་ང་ཚོས་དེ་ལྟར་རང་ཉིད་གང་ནས་འོངས་པ་དང་གང་ལ་འགྲོ་བའི་མཐར་ཐུག་གི་དྲི་བ་དེ་ལ་བསམ་བློ་གཏོང་དགོས།

  ལོ་རྒྱུས་ཀྱང་མ་བཀླགས་ན་ག་ལ་རུང་། ལོ་རྒྱུས་ཀྱིས་མིག་སྔའི་བར་གྱི་མིའི་རིགས་ཀྱི་འཚོ་བའི་རྣམ་པ་སྒོ་ཀུན་ནས་དང་དོན་དངོས་དང་ཐག་ཉེ་བའི་སྒོ་ནས་ཟིན་ཐོར་བཀོད་ཡོད། མིའི་ཚེ་སྲོག་ལ་ཚད་ཡོད་པས། གལ་ཏེ་མིའི་རིགས་ཀྱིས་བརྒྱུད་པའི་མངར་སྐྱུར་ཁ་གསུམ་དང་། རྒྱལ་ཕམ། སྐྱེ་འཆི་སོགས་ཤེས་འདོད་ན་ལོ་རྒྱུས་བཀླགས་པ་ལས་འོས་མིད།

  སེམས་ཁམས་རིག་པའང་བཀླག་རི་སྟེ། ཧྥོའོ་ལོ་དབྱི་ཏི་ལྟ་བུའི་སེམས་ཁམས་རིག་པ་སྨྲ་བས་བརྟག་དཔྱོད་བགྱི་ཡུལ་ནི་མིའི་འདུ་ཤེས་ཀྱི་གནས་སྟངས་དང་། མིའི་འདུ་ཤེས་དང་སེམས་གཉིས་ཇི་ལྟར་མཐུན་སྦྱོར་གྱིས་གཡོ་བ། དེ་མིན་མི་མི་ཡིན་པའི་ནང་གི་དེ་ཉིད་དེ་ཇི་ལྟར་འཛིན་པ་སོགས་ཡིན།

  མི་ནི་བརྩེ་དུང་ཅན་གྱི་སྲོག་ཆགས་ཤིག་ཡིན། བརྩེ་དུང་གི་ཕྱི་ཤུན་བརྟོལ་ནས་བརྩེ་དུང་གི་ནང་སྙིང་མངོན་པར་སྟོན་ནུས་པའི་སྙན་ངག་ནི་སྙན་ངག་ཕུལ་དུ་བྱུང་བ་ཞིག་ཡིན་པས། བརྩེ་དུང་ཕུན་སུམ་ཚོགས་པའི་ངང་དུ་འཚར་ལོངས་འབྱུང་ཆེད་སྙན་ངག་བཀླག་དགོས། འཇིག་རྟེན་འདིར་ལྷ་དཀོན་མཆོག་དང་བར་ཐག་ཆེས་ཉེ་བའི་བྱ་དངོས་གཉིས་ཡོད་དེ། གཅིག་ནི་སྙན་ངག་དང་གཅིག་ནི་རོལ་དབྱངས་སོ༎

  རྩོམ་རིག་ནི་མ་བཀླག་ཐུ་མེད་ཡིན། རྩོམ་པ་པོས་སྐད་ཆ་ལ་བརྟེན་ནས་མིའི་འཆར་སྒོའི་མཐའ་བསྐྱེད་ལ། དེ་ནི་རྩོམ་རིག་གི་མ་མཐའི་བྱེད་ནུས་ཤིག་རེད། དཔེར་ན་ཚོན་ཧྲང་ཁྲོན་ཧྲུའུ་ལྟ་བུར་མཚོན་ན། ཁོང་གི་བརྗོད་བྱ་དང་འབྲི་ཐབས་ནི་མཚར་སྣང་དང་བསླུ་བྲིད་ཀྱིས་ཕྱུག་པ་ཞིག་རེད། ལ་ལས་ཁོ་རང་གོ་སླ་བའི་འབོལ་རྩོམ་སྒྲུང་གཏམ་གྱི་རྩོམ་པ་པོ་ཞིག་ཏུ་བསྙད་ཀྱང་། ངས་བལྟས་ན་ཁོའི་བརྩམས་ཆོས་ལ་གཏིང་ཟབ་རང་བཞིན་མེད་པ་ཞིག་གཏན་ནས་མ་རེད། ལྡོག་སྟེ་ཁོའི་བརྩམས་ཆོས་ཀྱིས་དེང་རབས་རིག་གནས་ཁྲོད་དུ་གཡེང་ཞིང་འཕྱོ་བའི་དེང་རབས་ཀྱི་མིའི་གནས་སྟངས་ཀྱི་ངོ་བོ་དང་ཕྱི་ཚུལ་དེ་བཟུང་ཡོད་པར་འདོད།

  ཚན་རིག་ཕྱོགས་ཀྱི་ཀློག་དེབ་གཙོ་བོ་དག་ཀྱང་བཀླག་དགོས། ངས་ཚན་རིག་བསམ་བློ་དང་མི་ཚུལ་བསམ་བློ་གཉིས་ལ་ཐུན་མོང་གི་ཕྱོགས་ཤིག་ཡོད་པར་འདོད།

  གང་ལྟར་ཉིན་རྒྱུན་གྱི་དཔེ་ཀློག་ནི་གོང་གི་ཕྱོགས་དེ་དག་མཉམ་དུ་བསྲེས་ནས། མིའི་བསམ་བློ་དང་སེམས་ཁམས་ཀྱི་བདེ་ཐང་ལ་ཕན་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གཡོས་སྦྱོར་བྱེད་དགོས། དེ་འདྲའི་ཕྱོགས་ལྷུང་བྲལ་བའི་དཔེ་ཀློག་ལ་གོམས་ན་ད་གཟོད་བསམ་པའི་ཤིང་སྡོང་ནི་བཅུད་ཀྱིས་འདང་མ་འདང་གིས་སྐམ་པ་དང་འཁྱོག་སྐྱེ་མི་འབྱུང་། འདི་ནི་དཔེ་ཀློག་མཁན་ལ་བཤད་པ་མ་གཏོགས་ཆེད་མཁས་པ་དང་མཁས་པ་སོགས་ནི་འདིར་མི་འདུ། མཐར་ཐུག་གི་དམིགས་ཡུལ་གྱི་སྟེང་ནས་བཤད་ན། དཔེ་ཀློག་ནི་རང་ཉིད་ཀྱི་ནང་སེམས་ལ་དབང་བའི་འཇིག་རྟེན་ཞིག་བསྐྲུན་པའི་གོ་རིམ་དེ་ཡིན།

  དཔེ་ཀློག་ཇི་ལྟར་མོད་ན་དེ་ལྟར་ཕྱིའི་ཁོར་ཡུག་གིས་གནོད་མི་ཐུབ་ལ། ཁེར་རྐྱང་དང་སུན་སྣང་སོགས་ཀྱིས་གདུངས་པའང་དེ་ལྟར་མི་སྲིད། དཔེ་དེབ་ཀྱིས་རིམ་བཞིན་མིའི་ནང་སེམས་ནས་ཕྱི་རོལ་གྱི་དབང་དུ་མི་ཚུད་པའི་རང་བཙན་གྱི་རྒྱལ་ཁམས་ཤིག་བསྐྲུན་ངེས་ཡིན་ལ། རྒྱལ་ཁམས་དེ་ནི་ནང་སེམས་ཁོ་ནར་དབང་། དེའི་ནང་དུ་གནའ་དེང་ཕྱི་ནང་གི་རླབས་ཆེ་ཞིང་ཕུན་སུམ་ཚོགས་པའི་རྣམ་ཤེས་སྟོང་ཕྲག་བཞུགས་ཡོད།

  གལ་སྲིད་མི་ཞིག་གི་ནང་སེམས་སུ་དེ་འདྲའི་རྒྱལ་ཁམས་ཤིག་ཡོད་ཚེ། ཁོའི་རྣམ་ཤེས་ཀྱི་བཟོད་བསྲན་ནི་ཅི་འདྲ་ཆེ་ཨང་། ཁོའི་ཚེ་སྲོག་ལ་ཕྱིའི་ཆ་རྐྱེན་ཞན་ན་ཡང་ནང་དོན་གྱིས་ཕྱུག་ཅིང་འོད་སྣང་གིས་ཁེངས་ངེས་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1