རང་བྱུང་ཁོར་ཡུག་སྐྱེ་དངོས་སྲོག་ཆགས་དང་། །འགྲོ་བའི་གནས་རིས་ཆགས་རིམ་སྐྱེ་འཇིག་སོགས། །ལྐོག་འགྱུར་ཤེས་བྱའི་གསང་བ་མངོན་སུམ་གྱིས། །གསལ་བར་འཆར་བའི་མེ་ལོང་འདི་ན་སྤེལ། །སའི་གོ་ལ་ཧྲིལ་པོར་མཁའ་དབུགས་ཀྱིས། །གཡོགས་པའི་རླུང་ཁམས་ཆེན་པོའི་ཆགས་རིམ་ལ། །མཐུག་ཚད་ཕལ་ཆེར་སྤྱི་ལེ་དགུ་བརྒྱ་ཡིས། ། སྟོང་ཁམས་ཆེན་པོའི་བང་རིམ་གཟུགས་སུ་གྲུབ། །རླུང་ཁམས་ཆེན་པོའི་གོ་ལའི་སྟེང་ཕྱོགས་ཀྱི། །གནམ་གཤིས་ཚ་གྲང་རེས་མོའི་ཚོད་དུ་འཛིན། །གོ་ལའི་ཉེ་ངོས་རླུང་ཁམས་ཆེན་པོ་ཡིས། །རིམ་པ་ཅུང་ཟད་འཐུག་ལ་གོ་ལ་དང་། །བར་ཐག་ཅུང་རིང་ས་ཡི་རླུང་ཁམས་ཆེ། །རིམ་པ་རིམ་བཞིན་ཇེ་སྲབ་ཕྱིན་པ་ཡིན། །རླུང་ཁམས་ཆེན་པོའི་ཆགས་རིམ་འདི་མེད་ན། །ཉིན་མོར་བཟོད་གླགས་མེད་པའི་ཚ་བ་དང་། །མཚན་མོར་གྲང་ངར་བཟོད་པའི་ཐབས་བྲལ་བས། འགྲོ་བའི་རིགས་འདི་གསོན་པའི་འཚོ་ཐབས་དབེན། །ལས་ཀྱིས་འཕངས་ཤིང་ཚེ་སྲོག་ཀྱིས་བཟུང་བའི། །སྐྱེ་འགྲོའི་རིས་སུ་འཚོ་བའི་གནས་འདི་རུ། ཁོར་ཡུག་སྟོང་ཁམས་ཆེན་པོའིམཁའ་དབུགས་ཀྱིས། །མ་ཁྱབ་མེད་ཕྱིར་སྲོག་གིས་ཟས་དུ་གྱུར། །སྟོང་ཁམས་ཆེན་པོའི་རིས་སུ་མ་བཅད་པའི། །མཁའ་དབུགས་ཀྱིས་ཁྱབ་ས་ཡི་གོ་ལའི་སྟེང་། །འཇིག་རྟེན་ཁམས་ཀྱི་སྐྱེ་དངོས་སྲོག་ཆགས་ཀུན། ། རླུང་ཁམས་ཆེན་པོའི་མཁའ་དབུགས་ཀྱིས་སྲོག་བསྐྲུན། །གོ་ལའི་ཕྱི་ནས་རིམ་པ་འདས་པ་ཡིས། །རླུང་ཁམས་ཆེན་པོའི་བང་རིམ་སྲབ་པའི་ངོས། །དངོས་གཞན་གནས་པའི་ཡུལ་དེར་སྟོང་ཁམས་ཟེར། །སྟོང་ཁམས་ཆེན་པོ་ཆགས་ནས་ད་ལྟའི་བར །མྱུར་མགྱོགས་ཆེན་པོའི་སྐྱེད་བཞིན་ཡོད་པ་དང་། །སྐར་མའི་གོ་ལའི་བར་དུ་ཕན་ཚུན་གྱིས། །ཕྱི་སྣུར་བྱེད་པའི་མྱུར་ཚད་བར་ཐག་གཉིས། ། ལྟོས་བཅས་བསྡུར་ཚད་གྲངས་མཐུན་གནས་སུ་གྱུར། ། བསྡུར་ཚད་ཧ་པོ་རྒྱུན་གྲངས་ཞེས་འབོད་ཅིང་། །དེ་ཡི་ལྡོག་གྲངས་སྟོང་ཁམས་ཆེན་པོ་དེའི། ཚོད་ཡིན་དེས་ན་སྐར་མའི་གོ་ལ་ཡིས། །ཕྱི་སྣུར་སྟེག་པའི་མྱུར་ཚད་བར་ཐག་དང་། །རྩིས་ཚེ་ཧ་པོ་རྒྱུན་གྲངས་བརྩིས་པ་ཡིན། །གནམ་དཔྱད་རིག་པ་སྨྲ་རྣམས་ལོ་ཚོད་འདིར། །གཞི་མཐུན་མེད་ཅིང་ཁྱད་པར་ཆེ་བས་ན། །ཕལ་ཆེར་ལོ་གྲངས་དུང་ཕྱུར་ཆིག་བརྒྱ་ནས། །གཉིས་བརྒྱའི་བར་དུ་ཁྱད་ཆེར་ཡོད་པ་དེ། །རྒྱུ་མཚན་སྐར་མའི་གོ་ལ་ཕྱི་སྣུར་གྱིས། །སྟེག་པའི་མྱུར་ཚད་འདྲ་མཚུངས་ཡིན་ན་ཡང་། །སྐར་ཚོགས་བར་ཐག་བཀྱེད་ཚད་ཁྱད་ཤོར་ཏེ།།འདོད་ཚུལ་ཐ་དད་འཁྲུལ་གཞི་དེ་ནས་བྱུང་།།ཉི་མའི་དྲོད་ཚད་ཇི་ལྟར་འབར་བའི་ཚུལ། །རླངས་གཟུགས་མེ་ཡི་གོང་བུ་རྒྱ་ཆེ་བའི། །ནང་ནས་ཕྱི་ཡི་བར་དུ་འགྱེད་འཕྲོ་ཡིས། །རིམ་པ་ལྟར་གྱི་ཆགས་པའི་རང་བཞིན་གྱིས། །འོད་ཀྱི་གོང་བུ་མདངས་ལྡན་གོང་བུ་དང་། །ཉི་འཛིན་འོད་ཀོར་གསུམ་གྱི་རིམ་པ་ལ། །ཉི་འཛིན་འོད་ཀོར་ཉི་མའི་ཕྱི་རིམ་ཡིན། །དེ་ཡི་མཐུག་ཚད་སྟོང་སྨི་ཁྲི་ཕྲག་འགའི། །བར་ནས་ཁྲི་སྟོང་འགའ་ཡི་ ་རིམ་པ་ཡིས། །ཆེས་མཐོའི་དྲོད་ཚད་ཏུའུ་བརྒྱ་ལྷག་ཡིན་ནོ། །
འབར་ནས་འབར་བཞིན་གནས་པའི་ཉི་མ་ནི། །ལོ་ངོ་དུང་ཕྱུར་ལྔ་བཅུ་གནས་ཚད་ལ། །དེ་ཡི་སྔོན་རོལ་མུན་པ་འཁྱིར་བ་ཡིས། ཁེངས་པའི་རླུང་གཟུགས་ཁ་ཤས་སྤྲིན་རིམ་དུ། །འདུས་ཏེ་རྒྱུན་ཆད་མེད་པར་འཁོར་བཞིན་ཡོད།།ཇི་ལྟར་ཉི་མས་དྲོད་དང་འོད་ལ་སོགས།།འགྱེད་འཕྲོ་ཐུབ་པའི་རྒྱུ་མཚན་འདི་ལྟར་ཏེ།།ཉི་མའི་སྟེང་དུ་ཆིན་ཞེས་བྱ་བའི་རྫས།།འདུས་ཏེ་རྒྱུན་ཆད་མེད་པར་འགད་གྱུར་ནས།།ཚད་མེད་འོད་དང་ཚ་བ་ཕྱིར་བཏང་འབྱུང་།
།སྟེས་དབང་ལས་ཀྱི་འཁྱིར་བའི་རླུང་གཟུགས་ཀྱིས། །སྤྲིན་པ་ལྷན་དུ་འདུས་པའི་རྐྱེན་བྱས་ཏེ། །དཀྱིལ་དུ་གནས་པའི་རླུང་གཟུགས་འདྲེན་ཤུགས་ཀྱིས། །གསེད་ནས་སྤྲིན་གྱི་མཐའ་སྐོར་རླུང་གཟུགས་དེས། །སྤྲིན་པ་ལྷན་དུ་བསྡུས་ཤིང་རང་འཁོར་ངང་། །ཇེ་འགྱོགས་བཏང་བའི་རྡུལ་ཕྲན་འདུས་པ་ལ། །ཕན་ཚུན་འཐབ་དང་རྒྱབ་དང་བཙིར་གནོན་དུ། །བྱས་པའི་ཚ་ཚད་མཐོ་ཤུགས་འཕེལ་བ་ལས། །གདོད་མའི་ཉི་མ་དེ་ནས་གྲུབ་པར་གྱུར། །ཉི་མའི་མཐའ་ནས་སྐོར་བའི་རླུང་གཟུགས་ཀྱི། །སྤྲིན་པ་ཁ་ཤས་གདོད་མའི་ཉི་འོད་དང་། །ཚ་བས་དེད་དེ་རང་དགར་ལྷན་འདུས་ནས། །ཉི་མའི་རྒྱུ་སྐར་དེ་
ནས་བྱུང་ཞེསསྨྲ། །སྐར་མའི་གོ་ལ་ཉི་མའི་ཁྱིམ་རྒྱུད་ཀྱི། །ལྟེ་བ་ཡིན་ལ་མ་ལག་ཞིག་ཀྱང་ཡིན། །དེ་ཡི་ཁོངས་སུ་འདུས་པའི་ཉི་མ་དང་། །རྒྱུ་སྐར་ཉེ་བརྒྱད་་སྐར་ཕྲན་གྲངས་མེད་དང་། །སྐར་མ་དུ་བ་འཇུག་རིང་སྐར་མདའ་སོགས། །བསམ་ཡས་བགྲང་ལས་འདས་པའི་སྐར་ཚོགས་བཀྲ། །ཟླ་བའི་གོ་ལའི་སྟེང་ན་མཁའ་དབུགས་དང། །ཆུ་དང་ཚེ་སྲོག་མེད་ཅེས་མགྲིན་གཅིག་ཏུ། ཚན་རིག་སྨྲ་བའི་ཞལ་གྱིས་སྒོ་ནས་ཐོན། །རི་ཟླུམ་སྒང་གཤོང་འབར་འབུར་ངམ་གྲོག་དང། །སྲ་འཁྲེགས་ས་རྡོ་བྱེ་མའི་ཐང་ལ་སོགས། །ཉིན་མོ་ཚ་བར་མཚན་མོ་གྲང་ངར་གྱིས། །ཚ་གྲང་ཉིན་མཚན་མི་མཉམ་གཟུགས་སུ་གྲུབ། །ཟླ་བའི་གོ་ལས་ས་ཡི་གོ་ལ་ལ། །རིམ་པར་དལ་བའི་འགྲོས་ཀྱིས་སྐོར་བར་ན། །ཉི་འོད་ཟླ་བའི་གོ་ལའི་སྟེང་འཕྲོས་ཚེ། །ཟླ་བའི་གོ་ལ་ཕྱེད་དང་ཟུར་ཙམ་མམ ། །ཡང་ན་ཧྲིལ་པོ་ས་ཡི་གོ་ལ་ཡིས། །ཕྱོགས་སུ་འཁོར་ཏེ་ཡར་ངོ་མར་ངོ་སོགས།།འཕེལ་འགྲིབ་སྣང་ཚུལ་རྒྱུ་རྐྱེན་དེ་ནས་འབྱུང་།།ས་ཡི་གོ་ལ་སྤྱི་འཁོར་
རྒྱབ་ནས་སུ། །ཉི་ཟླ་གོ་ལ་ཟུང་གི་བར་སླེབས་ཚེ། །ཉི་འོད་ས་ཡི་གོ་ལས་སྒྲིབ་པ་ཡིས། །ཟླ་འཛིན་འབྱུང་བའི་རྒྱུ་མཚན་དེ་ལྟར་གཞེད། །དེ་ལ་དབྱེ་ན་ཕྱེད་དང་ཆ་ཤས་དང་། །ཧྲིལ་པོ་འཛིན་པའི་རྣམ་པ་གསུམ་གྱི་ཟླས། །ཆུ་ཤེལ་དབང་པོ་སྒྲ་ཅན་ཁར་ཆུད་ཞེས། །གསང་བའི་རྒྱ་འདི་ཚན་རིག་རྩལ་གྱིས་གྲོལ། །སླར་སྨྲས་པ།ལྐོགགྱུར་ཚན་རྩལ་འདུ་འཕྲོའི་ཡོ་ལང་འདི། །གསལ་བའི་སེམས་ལ་གསར་དུ་འཆར་ན་ཡང་། །ཀླད་པ་རྙིང་པའི་འཐེན་ཤུགས་དྲག་ཐེབས་པས། །བག་ཆགས་ཟབ་མོའི་རི་མོ་ཡལ་བར་དཀའ། །འཇིག་རྟེན་ཤེས་བྱའི་ཆོས་ཀུན་གནས་ལུགས་སུ། །མ་བཅོས་རང་བཞིན་མཁྱེན་པའི་རྩལ་རྫོགས་ན། །ཀུན་རྫོབ་ཆོས་ཀུན་སྒྱུ་མ་ལྟ་བུར་ཡིས། །འཁོར་བའི་མཚང་ཆེན་སྙིང་ནས་རྡོལ་བར་འགྱུར། ། །སྐྱེ་རྒ་ན་འཆིའི་ཀུན་རྟོག་བློ་བུར་གྱིས། །མ་རིག་གདོན་གྱིས་བཟུང་བའི་རྒྱལ་ཁམས་སུ། །ལས་ཀྱིས་འཕངས་པའི་སྒྱུ་ལུས་གཡར་པོ་འདི། །ལྷན་སྐྱེས་ཡིད་སེམས་ཕྲ་མོས་བྲན་དུ་གྱུར། །ཇི་ལྟར་རིག་པའི་རང་རྩལ་མ་རྫོགས་བར། །དེ་ལྟར་གནས་ལུགས་མཐོང་བའི་ཐབས་མེད་པས། །བདེན་རྫུན་བླང་དོར་འབྱེད་པའི་ཤེས་རབ་མིག །ཐོབ་ཚེ་ཡེ་ཤེས་དམ་པའི་ཕ་རོལ་ཕྱིན། །རི་བོ་སྒང་དྲུག་གནས་སུ་རི་དྭགས་བཞིན། །ཡུན་རིང་འཚོ་བའི་རིགས་མཐུན་གྲོགས་རྣམས་ལ། །ཚན་རྩལ་ཤེས་བྱའི་ཆུ་ཐིགས་བསག་པ་འདི། །འདྲེན་བྱེད་མིག་གིས་བདུད་རྩིའི་གསོས་སུ་འབེབས། །ཁོ་བོ་འདི་སྣང་ཆེ་དགུའི་རབ་དབེན་ཡང་། །རབ་དཀར་སྔོན་བསགས་ལས་ཀྱིས་འཕངས་གྱུར་ཏེ། །རྣམ་རིག་ཤེས་བྱའི་གླིང་དུ་ཕྱིན་པ་ཡིས། །རྣམ་དཔྱོད་རིག་པའི་རྩེད་འཇོ་ཅི་ཡང་སྤྲོ། །