༄༅།། མཐོ་སྒང་གི་མཛེས་སྡུག།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། སྤེལ་དུས། 11-25


མཐོ་སྒང་ཤར་རིའི་རྩེ་མོར་གསེར་ཞུན་གྱིས།  

མདངས་ལ་འཁུ་བའི་རྟ་བདུན་དབང་པོའི་གཟི།  །

ལེགས་བྱས་དགེ་མཚན་འབུམ་གྱིས་འཁྱུད་པ་ཡིས།  །

གངས་ལྗོངས་ཉི་གཞོན་གསར་པའི་འོད་ལམ་ནས། །

དྲི་མེད་རབ་དགའི་ཁ་བཏགས་དཀར་པོའི་ངོར།  །

བདེ་ལེགས་ཚིག་གི་བཀྲ་ཤིས་རེ་ཁ་ལ། །

ལུགས་ཟུང་བླང་དོར་འབྱེད་པའི་རི་མོ་དང་།  །

ཕན་བདེའི་ལྕགས་རིའི་འཁོར་ཡུག་ཀུན་ནས་བསྐོར།  །

དེང་རབས་རིག་གནས་འཚོ་བཅུད་གསོས་འདེབས་སུ།  །

སྲོལ་རྒྱུན་སྦྲང་རྩིའི་སྦྱར་བའི་བྲོ་བ་ཡིས། །

ལེགས་ཉེས་བླང་དོར་འབྱེད་པའི་མིག་སྦྱིན་པའི།  །

རིག་གནས་ཚེ་སྲོག་བསྲིང་པའི་གསོས་སྨན་ལགས།  །

རྣམ་དག་གངས་རིའི་ཕྲེང་བས་ཡོངས་སྐོར་བའི།  །

རྣམ་མང་གཙུག་ལག་བཞད་པའི་དགལ་ཚལ་ནས།  །

རྣམ་རིག་བསུང་ཞིམ་ཐུལ་བའི་ཁང་བཟང་དུ།  །

རྣམ་དཀར་ཁ་བཏགས་དཀར་པོ་སྐྱེས་སུ་འབུལ།  །

འཇིག་རྟེན་སྲིད་པའི་སྒྲོན་མེ་འདི་ལགས་ཏེ།  །

དགོས་འདོད་ཀུན་འབྱུང་ཡིད་བཞིནནོར་བུའང་འདི། །

འདི་ཕྱི་གཏན་བདེའི་རིག་པའི་རྩ་ལགས་ཀྱིས།  །

ཤེས་བྱའི་དཀྱིལ་འཁོར་རྫོགས་པའི་གནས་ཆེན་ཡིན།  །

ལུང་རིགས་སྨྲ་བའི་མེ་ལྕེ་གྱེན་ཕྱུར་ཏེ།  །

སྙན་ངག་མཁས་པའི་ཚིག་རྒྱན་རང་བྱུང་བརྡོལ།  །

ཆོས་སྲིད་ཟུང་གི་ལམ་བཟང་སྣང་བའི་དཔལ།  །

སྲིད་པའི་སྒྲོན་མེ་ཆེན་མོ་འདི་ཡིན་ནོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1