སྤྱི་ཟླ་11པའི་ཚེས་29ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝའེ་ཧུང་གཉིས་ཀྱིས་ཁྲེན་ཏུའུ་ནས་བཟོ་ལས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་མེའོ་ཝུའེ་དང་བཅས་པར་མཇལ་འཕྲད་གནང་། ཁོ་ཚོ་སི་ཁྲོན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་ཡོང་པ་ལ་དགའ་བསུ་ཞུ་དང་ཆབས་ཅིག་རང་རྒྱལ་གྱིས་བསྐྲུན་པའི་གནམ་གྲུ་ARJ 21སྤྲོད་པའི་མཛད་སྒོར་ཞུགས།
ཝང་ཏུང་མིང་གིས་དུས་ཡུན་རིང་པོའི་ནང་བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཐོན་ལས་འཕེལ་རྒྱས་དང་གལ་ཆེའི་ཚན་རིག་ཞིབ་འཇུག་གི་འཆར་བཀོད་བཟོ་བ། རང་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས། ཚོང་སྤྱོད་སྒུལ་བྱེད་འཕྲུལ་འཁོར་གྱི་ལས་འགན་བཀོད་སྒྲིག་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་ནས་སི་ཁྲོན་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས། སི་ཁྲོན་མཁའ་འགྲུལ་འཕེལ་རྒྱས་ལ་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་ཡོད་ཅིང་། ལྷག་པར་དུ་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། ཉམས་བཟོ་ཐོན་ལས་ཀྱི་སྦྲེལ་ཐག་ཆ་ཚང་ལ། རྨང་གཞི་ཅུང་བཟང་བ། སྟོབས་ཤུགས་ཅུང་ཆེ་བ་ཡིན། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་རང་རེའི་ཞིང་ཆེན་ལ་ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཀྱི་ཚོད་ལྟ་དང་དམག་དམངས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བ་ལ་རྒྱབ་སྐྱོར་བྱས་ནས་རྣམ་གྲངས་གལ་ཆེན་གྱི་ལས་འགན་དེ་བས་མང་བ་སི་ཁྲོན་ལ་སྤྲད་པ་རེད། སི་ཁྲོན་ལ་རོགས་རམ་བྱས་ཏེ་རང་རྒྱལ་གྱི་གལ་ཆེའི་གནམ་གྲུ་དང་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། ཉམས་བཟོའི་རྟེན་གཞི་བསྐྲུན་ཏེ་བཟོ་ལས་ཀྱི་རྣམ་པ་བསྒྱུར་བཀོད་རིམ་འཕར་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
མེའོ་ཝུའེ་ཡིས་ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་བརྟན་བརླིང་ངང་འཕེལ་རྒྱས་གཏང་བ་དང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཐོན་ལས་དང་ལྷག་པར་དུ་གློག་རྡུལ་ཆ་འཕྲིན་། མཉེན་ཆས་ལས་རིགས། མཁའ་འགྲུལ་དང་འཕུར་སྐྱོད་སོགས་ལ་འཕེལ་རྒྱས་ཆེན་པོ་ཕྱིན། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་སྔར་ལས་ལྷག་པར་སི་ཁྲོན་གྱི་ཐོན་ལས་འཕེལ་རྒྱས་དང་། སྒྲིག་གཞི་བསྒྱུར་བཀོད་ཀྱི་བྱེད་ཤུགས་ཆེ་རུ་གཏང་སྟེ་ ་སི་ཁྲོན་གྱི་བཟོ་ལས་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།།