སྤྱི་ཟླ་11པའི་ཚེས་29ཉིན་ནས་སྤྱི་ཟླ་12པའི་ཚེས་3ཉིན་བར་དུ། བོད་ལྗོངས་བཤམས་སྟོན་ཁང་ནས་མུ་མཐུད་ནས་སྐུ་འདྲའི་རིགས་དང་ཐང་གའི་རིགས། རྒྱན་ཆའི་རིགས་སོགས་བོད་ལྗོངས་གནའ་རབས་རིག་གནས་དང་འབྲེལ་བའི་ཉར་ཚགས་བྱས་པའི་རིག་དངོས་རིགས་བརྒྱ་ལྷག་འགྲེམ་སྟོན་བྱས། རིག་དངོས་དེ་དག་ཚང་མ་ནི་གསར་དུ་བཙུགས་པའི་བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་རིག་རྫས་བསྡུ་ཉར་བྱེད་མཁན་མཐུན་ཚོགས་ཀྱི་ཚོགས་མི་དག་གིས་འདོན་སྤྲོད་བྱས་ཡོད།
ཚེས་28ཉིན། བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་དེ་ལྷ་ས་ནས་བཙུགས་ཤིང་། དེའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ཆེད་ལས་སྟོབས་ཤུགས་དེ་ལས་མང་བ་ཚུར་བཀུག་ནས་ཞིབ་འཇུག་བསྡུ་སྒྲིག་ལ་ཞུགས་པ་དང་མདོ་དབུས་མཐོ་སྒང་གི་རྒྱུད་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་ཐོན་ཁུངས་ཁྱབ་གདལ་སྲུང་སྐྱོབ་བྱེད་པ་དེ་ཡིན།
བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲང་གོན་ཧུ་གྱིས་བཤད་དོན། མདོ་དབུས་མཐོ་སྒང་གི་རྒྱུད་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། དེའི་འཕེལ་རྒྱས་ནང་དུ་རྒྱ་ནག་དང་གནའ་བོའི་རྒྱ་གར་གྱི་རིག་གནས་བཟུང་འབྲེལ་བྱས་ཡོད་ལ་ཡུན་ཀུའེ་མཐོ་སྒང་གི་ཡོན་ནན་གྱི་རིག་གནས་དང་ཏ་ལི་ནང་བསྟན་རིག་གནས། ཨེ་ཤེ་ཡ་དབུས་མ་དང་ནུབ་རྒྱུད་རིག་གནས་སོགས་ཚུད་ཡོད། གནའ་རབས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱིས་མི་དེ་བས་མང་པོ་ཞིག་ཡིད་འགུགས་བྱས་ནས་བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་ལ་དོ་སྣང་བྱེད་པ་དང་། དེ་ནས་སྒྱུ་རྩལ་གྱི་ཐོན་ཁུངས་འདི་དག་ལེགས་སྒྲིག་ཞིབ་འཇུག་དང་སྲུང་སྐྱོབ་བྱས་ཏེ་མང་ཚོགས་དག་ལ་དེའི་སྐོར་གྱི་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་པའི་ཆེད་དུ་ཡིན།
བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ནི་བོད་ལྗོངས་རིག་རྫས་བསྡུ་ཉར་བྱེད་མཁན་མཐུན་ཚོགས་ཀྱི་ཁོངས་གཏོགས་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་ཞིག་ཡིན། ཞིབ་འཇུག་ཚོགས་པས་གྲངས་གཞི་ཅན་གྱི་རྣམ་པ་བེད་སྤྱད་ནས་པར་མཛོད་དང་ཡིག་མཛོད། དཔེ་ཀློག་ཁྱབ་སྤེལ་སྟེགས་བུ་སོགས་འཛུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་ལ་དགའ་ཞེན་ཅན་དང་མཁས་ཅན་དག་གིས་དུས་རབས་གསར་པའི་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་གི་གྲུབ་འབྲེལ་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོས་ཡོད་ལ་དུས་ཆད་དུ་བོད་ལྗོངས་གནའ་རབས་རིག་གནས་སྒྱུ་རྩལ་གྱི་འབྲེལ་ཡོད་གླེང་སྟེགས་དང་གསོ་སྦྱོང་སྤེལ་ནས་མང་ཚོགས་དེ་བས་མང་བ་ཞིག་ལ་སྣེ་ཁྲིད་བྱས་ནས་བོད་ལྗོངས་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་དང་དགའ་ཞེན། སྲུང་སྐྱོབ། རྒྱུད་འཛིན་བྱེད་པ་དང་བོད་ལྗོངས་རིག་གནས་ཐོན་ལས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་བྱས་ཡོད།།