རང་རེའི་རོང་འབྲོག་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཆ་སོགས་སུ་མང་ཚོགས་ཀྱི་བདེ་ཐང་གོ་རྟོགས་ཅུང་དམའ་བའི་དབང་གིས་ནད་ཆུང་ངུ་བྱུང་དུས་རང་དགར་བསྐྱུར་བའི་གནས་ཚུལ་བྱུང་ཡོད་པ་ཀུན་གྱི་ངག་ལས་གོ་ཐུབ།
ནད་ཆུང་ངུ་ནི་ཅིས་ཀྱང་རྒྱ་ཡན་དུ་བསྐྱུར་མི་རུང་སྟེ། གལ་ཏེ་དོ་སྣང་མ་བྱས་པར་ཡུན་རིང་བོར་འགོར་ན་ཕྱིས་སུ་སྨན་བཅོས་བྱེད་དཀའ་བ་མ་ཟད། ཚེ་སྲོག་གི་བདེ་ཐང་ལ་ཐད་ཀར་འཇིགས་སྣང་སྤྲད་ནས་མ་འོངས་པའི་དུས་ལ་འགྱོད་པའི་རྒྱུ་རུ་འགྱུར་ངེས་རེད།
ཆུང་ངུའི་དུས་སུ་རྒན་པ་ཚོའི་ཁ་ནས་མི་ག་གེ་མོ་དེའི་རྣ་བ་ནི་ཆུང་དུས་ཚ་རྒྱབ་དུས་སྨན་པ་མ་བསྟན་པས་འོན་པར་གྱུར་བ་དང་། མི་ག་གེ་མོའི་མིག་ནི་གཡག་གིས་བརྡུང་རྗེས་སྨན་པར་མ་བསྟན་པར་ལོང་བར་གྱུར་བ་སོགས་གནས་ཚུལ་སྣ་མ་སྣ་ཚོགས་གོ་ཐུབ། རང་གི་སྡེ་བ་དང་སྡེ་བ་གཞན་དུ་ཡང་གནས་ཚུལ་དེ་དག་ཅུང་མང་པོ་གོ་ཐུབ་པས། དེ་དག་ཀྱང་སྐབས་ཐོག་ཏུ་སྨན་པ་མ་བསྟན་པ་ལས་བྱུང་ལ། སྐབས་དེར་སྨན་གྱི་ཆ་རྐྱེན་དང་བསམ་བློའི་འདུ་ཤེས། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དབང་དུ་བཏང་ཡང་། དེང་སང་ནི་ཚན་རིག་ལག་རྩལ་དར་རྒྱས་ཆེ་བའི་དུས་སྐབས་ཡིན་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་གི་བྱིས་པ་དང་ཡང་ན་ཁྱིམ་མི་ལ་ནད་བྱུང་དུས་སྔ་ས་ནས་སྨན་ཁང་དུ་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།
བྱིས་པའི་མིག་གཅུས་པའམ་རྐང་ལག་འཁྱོགས་པ། སྐྱི་ལྤགས་ལ་འགོས་ནད་བྱུང་བ། སོ་ནད་བྱུང་བ་སོགས་ལ་སྔ་ས་ནས་སྨན་བཅོས་བྱས་ཏེ། མི་ལུས་བདེ་ཐང་ཅན་ཡོང་བར་ཕ་མ་གཉིས་ལ་ཡང་འགན་འཁུར་ཡོད་པ་སོགས་ཚང་མས་ནད་ཆུང་ངུའི་རིགས་ལ་མཉམ་འཇོག་བྱེད་པའི་འདུས་ཤེས་ཡོད་དགོས། །