དེང་རབས་ཅན་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་ཡང་དེང་རབས་ཅན་དང་སྟབས་བདེ་ཅན་དུ་སོང་ཡོད། དེ་ཡང་དགུན་ཁའི་ཙག་དང་གྲང་ངར་འགོག་ཆེད་མི་རྣམས་ཀྱིས་ཁྱིམ་དུ་ལྕགས་ཐབ་དང་དྲོད་རླངས་ཁྱིམ་ཆས། དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་སོགས་སྤྱོད་བཞིན་ཡོད་ལ། གློག་གདན་ཡང་དགུན་གྱི་དུས་སུ་ཁྱིམ་ཚང་མང་ཆེ་བས་སྤྱོད་བཞིན་པའི་རྒྱུན་མཐོང་རང་བཞིན་གྱི་དྲོད་ལེན་ཉལ་ཆས་ཤིག་ཡིན་ཏེ། གློག་གདན་སྤྱོད་སྐབས་སྟབས་བདེ་ལ། ལས་ཚགས་མི་ཆེ་བ། གཙང་བ། གོང་ཡང་རན་པ་སོགས་ཀྱི་བཟང་ཆ་མང་པོ་ཞིག་གིས་མི་གང་མང་ཞིག་གིས་སྤྱོད་བཞིན་ཡོད་པ་རེད།
ཡིན་ན་ཡང་གློག་གདན་ཡང་དེ་འདྲའི་བདེ་འཇགས་ཤིག་མིན་པར། བཀོལ་ཡུན་རིང་དྲགས་ན་སྐྱོན་བྱུང་སླ་བ་དང་། མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གཏོར་བརླག་བཟོས་པའི་དོན་དག་ཀྱང་གང་མང་མང་ཞིག་བྱུང་ཡོད་པ་རེད། མི་རྣམས་ཀྱིས་གློག་གདན་སྤྱོད་པའི་སྐབས་སུ། གློག་རྒྱུན་འགོག་ལམ་ཚད་མཐུན་ཡིན་པའི་གློག་གདན་ཡིན་རུང་། བལྟོས་བྱུང་གློག་རྒྱུན་དེ་མིའི་ལུས་ཕུང་ཐོག་བྱེད་ནུས་ལྡན། གློག་གདན་འདིའི་གློག་རྒྱུན་ཆུང་རུང་ལོ་ལོན་དང་ལུས་ཕུང་མི་བཟང་བ། སྙིང་ནད་ཡོད་མཁན། ཕྲུ་གུ་སོགས་ལ་མངོན་མེད་ཉེན་ཁ་ཡོད་ལ། ལྷག་པར་དུ་མངལ་སྦྲུམ་པའི་བུད་མེད་ཀྱི་གློག་གདན་སྤྱད་ན་ཕྲུ་གུ་ཡ་མ་གཟུགས་སྐྱེས་པ་དང་ཕྲུ་གུ་ཤོར་བ་སོགས་ཀྱི་རྐྱེན་ངན་ཡང་བྱུང་སྲིད་པ་རེད། གཞན་ལོ་ལོན་རྣམས་ཀྱི་ཕྱི་པགས་ཚ་བ་དང་གྲང་བའི་ཤེས་ཚོར་ནུས་པ་ཞན་པས་གློག་གདན་ཚ་དྲག་ན་ལུས་ཕུང་ལ་གནོད་སྐྱོན་བཟོ་ཉེན་ཡོད། ང་ཚོས་བརྙན་འཕྲིན་ལས་གློག་གདན་གྱི་གློག་སྒོ་མ་གཟིམ་པས་མེ་ལངས་ཏེ་ཁྱིམ་འབར་བ་དང་། མིའི་ལུས་པོ་འཚིག་རྨས་བྱུང་བ་སོགས་མཐོང་ཐུབ་པས། དྲོ་སྣང་ཉམས་སུ་མྱོང་བའི་ཞོར་དུ་གློག་གདན་གྱི་བདེ་འཇགས་ལ་ཡང་དོ་སྣང་གལ་ཆེན་བྱེད་དགོས་པ་དང་། ཀུན་གྱི་བདེ་ཐང་གི་ཕྱིར་དུ་རྒྱུན་ལྡན་འཚོ་བའི་ཁྲོད་ང་ཚོས་གློག་གདན་སྤྱོད་སྐབས་གཤམ་གྱི་དོན་དག་འགའ་ལ་ཅིས་ཀྱང་གཟབ་པའི་དགོས་པ་ཆེ་ཞིང་རེ་རེ་བཞིན་ངོ་སྤྲོད་ཙམ་བྱས་ན།
གཅིག གློག་གདན་སྤྱོད་སྐབས་ཐད་ཀར་དུ་མིའི་ཕྱི་པགས་དང་མི་བརླན་པར། གློག་གདན་ཐོག་མལ་གདན་ནམ་ཡང་ན་དེའི་ཐོག་རས་གདན་ཞིག་འདིངས་དགོས།
གཉིས། གློག་གདན་སྤྱོད་སྐབས་ལྕགས་རིགས་དང་སྲ་གཟུགས་ཀྱི་དངོས་པོ་ཐོག་འཇོག་མི་རུང་།
གསུམ། ཉལ་ཁར་གློག་བཏང་ནས་ཚ་པོ་བཟོ་བ་དང་གཉིད་ཁུག་སྐབས་གློག་སྒོ་རྒྱག་པའམ་ཇེ་དམའ་རུ་གཏོང་དགོས། མཚན་གང་པོར་གློག་གདན་སྤྱོད་མི་རུང་།
བཞི། གློག་གདན་མི་སྤྱོད་པའི་སྐབས་སུ་གློག་སྒོ་རྒྱག་དགོས་ལ། དོན་རྐྱེན་དང་མེ་སྐྱོན་བྱུང་བར་སྔོན་འགོག་བྱེད་དགོས། བྱིས་པ་དང་། ལོ་ལོན། སྦྲུམ་ཆགས་པའི་བུད་མེད་ཀྱིས་གློག་གདན་སྤྱོད་པར་མཉམ་མཇོག་བྱེད་དགོས།
ལྔ། གློག་གདན་སྤྱོད་སྐབས་ཆུ་འོས་འཚམས་མང་དུ་འཐུང་ནས་ལུས་པོར་ཆུ་ཁ་གསབ་བྱེད་དགོས།
དྲུག གློག་གདན་དེ་དུས་ཡུན་རིང་བོ་བསྐྱར་ནས་བསྐྱར་དུ་ལྟེབ་སྒྲིག་བྱེད་མི་རུང་། ལྟེབ་སྒྲིག་བྱས་པའི་གནས་ཀྱི་གློག་སྐུད་དག་ལ་གཟབ་དགོས་ཤིང་། གློག་སྐུད་ཆད་ནས་མེ་སྐྱོན་བྱུང་བར་སྔོན་འགོག་བྱེད་དགོས།
བདུན། གློག་གདན་མི་འཕྲོད་པའི་མིས་སྤྱོད་མཚམས་འཇོག་དགོས།།
(པདྨ་མཚོས་བསྡུས།)