གླུ་གར་བང་མཛོད་ཁྲོད་ཀྱི་འོད་དུ་འཚེར་བའི་ནོར་བུ་སྟེ་གླིང་བྲོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



ཆབ་མདོའི་རི་བོ་ཆེ་ལ་བོད་ལྗོངས་ཀྱི་སུའེ་ཙེར་ཆུང་བ་ཡི་མཚན་སྙན་མངའ་བ་ནི་དངོས་ནས་མིང་དོན་མཚུངས་པ་ཞིག་རེད།ངོ་མཚར་དང་ཉེན་ཁ།མཐོ་གཟར་དང་མཛེས་སྡུག་ཡོངས་སུ་འཛོམས་པའི་རི་བོ་ཆེའི་ཡུལ་གྱི་བཀོད་པ་མཛེས་པར་མ་ཟད་སྤྱི་ཚོགས་རིག་གནས་ཀྱང་ཕུན་སུམ་ཚོགས་པོ་ལྡན།
རི་བོ་ཆེའི་མི་དང་རང་བྱུང་ཁམས་ཞི་མཐུན་གྱིས་གནས་ཤིང་།རང་བྱུང་གི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་གཞི་གཅིག་ཏུ་འདྲེས་པ་ལ་ཉམས་སུ་མྱོང་དུས།བདག་གི་ཡིད་ཀྱི་དང་བ་འདྲེན་བྱེད་ནི་རི་ཆུའི་མཛེས་ལྗོངས་ཕྲན་བུ་དག་མ་ཡིན་པར་དམངས་ཁྲོད་ཀྱི་གླིང་བྲོ་ཞེས་པའི་བྲོ་གར་ཞིག་སྟེ།བྲོ་གར་དེ་སྟེས་དབང་གིས་ལན་རེ་མཐོང་བས་ཀྱང་བསུབ་ཏུ་མེད་པའི་དྲན་ཤེས་ཟབ་མོ་རེ་བཞག་འགྲོ།གླིང་བྲོ་ཡི་གླིང་ནི་གླིང་གེ་སར་རྒྱལ་པོའི་བསྡུས་མིང་ངམ་ཡུལ་གྲུ་ཞིག་གི་མིང་ཡིན་ལ།གླིང་བྲོ་ནི་གླིང་གེ་སར་རྒྱལ་པོའི་མཛད་འཕྲིན་ལ་བསྟོད་བསྔགས་བྱེད་པའི་བྲོ་ཞིག་ཡིན།བོད་མི་དམངས་ཀྱིས་གླིང་གེ་སར་རྒྱལ་པོ་མི་རིགས་ཀྱི་དཔའ་བོ་རུ་བཀུར་བས།འདི་ལས་བྱུང་བའི་གེ་སར་རིག་གནས་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་མཚར་སྡུག་གི་ཤོག་ལྷེ་ཞིག་ཡིན།རི་བོ་ཆེ་མཁར་དམར་མདོ་ཤང་དུ་གེ་སར་ལ་བསྟོད་བསྔགས་བྱེད་པའི་རིག་གནས་ཀྱི་རྣམ་པ་སྒྲུང་བཤད་པ་ཁོ་ནས་མ་ཟད་པར་བྲོ་ཡི་རྣམ་པས་བསྟོད་བསྔགས་བྱེད་པའང་ཡོད་ལ།མཁར་དམར་མདོའི་གླིང་བྲོ་ནི་དེའི་ཁྲོད་ཀྱི་ཚབ་མཚོན་ཞིག་ཡིན།
གླིང་བྲོ་ཆེས་ཐོག་མར་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་དགོན་པ་ནས་བྱུང་བ་ཡིན་ལ།ད་བར་ལོ་ངོ་300ལྷག་གི་ལོ་རྒྱུས་ཡོད།རི་པ་དགོན་པའི་གླིང་བྲོ་འདི་ནི།སྤྱི་ལོ་1685ལོ་མཁར་དམར་མདོ་རི་པ་དགོན་པ་འདེབས་མཁན་ཁྲི་སྤྲུལ་སྐུ་ཕྲེང་དང་པོ་པདྨ་རིག་འཛིན༼1625—1697༽ལ་དགོན་པ་བཏབ་རྗེས་ཀྱི་ཉིན་ཞིག་རྨི་ལམ་ཞིག་རྨིས་ལ།རྨི་ལམ་དུ་གེ་སར་རྒྱལ་པོས་ཁོང་ལ༼གེ་སར་སྒྲུང་༽གི་ཁྲོད་ཀྱི་གཏམ་རྒྱུད་དང་མི་སྣ་དག་ཟློས་གར་གྱིས་རྣམ་པས་འཁྲབ་སྟོན་བྱོས་གསུངས་པས།ཁོང་གིས་འདི་ནི་ལྷའི་ལུང་བསྟན་ཡིན་པར་དགོངས་ལ།དེ་མུར་འཁྲབ་གཞུང་དང་གཞས་ཚིག་འབྲི་བ་དང་།གྱོན་གོས་དང་འབགའཁྲབ་ཆས་སོགས་གྲབས་གཤོམ་པ་དང་།གྲྭ་བ་ཚོ་རྩ་འཛུགས་དང་འཁྲབ་སྟོན་རུ་ཁག་ལ་སྦྱོང་བརྡར་བཅས་ཀྱིས་གཏམ་རྒྱུད་ཀྱི་བརྗོད་བྱ་གཙོ་བོ་དག་ཚོ་ཆུང་རེས་ཚན་པ་རེ་བྱས་ནས་བྲོ་ཡི་རྣམ་པས་འཁྲབ་སྟོན་བྱས་ལ།མིང་ལ་འཆམ་ཞེས་བཏགས།དེ་ལྟར་དུས་ཚིགས་ལྟར་འཁྲབ་སྟོན་བྱས་པས་ཡུལ་མི་ཚོའི་དགའ་བསུ་ཆེན་པོ་ཐོབ།རི་པ་དགོན་པའི་མཚན་ཡོངས་ལ་རི་པ་བཀྲ་ཤིས་ཆོས་གླིང་ཟེར་ལ།རི་པ་དཔའ་བོ་ཡིས་སྤྱི་ལོ་1694སྟེ།བོད་རབ་བྱུང་12པའི་ཤིང་ཁྱི་ལོར་བཞེངས་པ་ཡིན།དགོན་པ་འདིའི་གླིང་བྲོ་ནི་འཇུ་མི་ཕམ་གྱི་འཆམ་རྒྱུད་ཡིན།རྫོགས་པ་ཆེན་པོའི་ལུགས་ཀྱི་བླ་མ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་༼1846—1912༽གེ་སར་ལ་བསྟོད་བསྔགས་དང་མཆོད་པ་བྱེད་པའི་སྐོར་གྱི་གསུང་རྩོམ་མི་ཉུང་བ་མཛད་འདུག་ཅིང་།རྩོམ་རིག་གི་སྐོར་ལ་རྟ་རྒྱུག་རྒྱལ་འཇོག་དང་གླིང་བྲོ་སྤྲོ་སྐྱིད་འཕྲུལ་གྱི་སྒྲ་དབྱངས་སོགས་ཡོད་པ་མ་ཟད།གཞན་འཆམ་གྱི་སྟངས་སྟབས་དང་དབྱངས་བརྩམས་ནས་ཁམས་ཀྱི་རྫོགས་ཆེན་དགོན་པར་འཁྲབ་སྟོན་བྱས་པས་དམངས་ཁྲོད་ལ་ཁྱབ་བརྡལ་བྱུང་།སྤྱི་ལོ་1935ཡས་མས་སུ་རི་པ་ཁྲི་སྤྲུལ་སྐུ་ཕྲེང་བཞི་པ་འཇིགས་མེད་ཚེ་དབང་མཆོག་གྲུབ་ཀྱི་སྲས་མོ་བཀྲ་ཤིས་དཔལ་མོ་ཆབ་མདོ་སྤྱི་ཁྱབ་ཟུར་ཁང་དབང་ཆེན་ཚེ་རིང་གིས་ཁབ་ཏུ་བསུས་ལ།སྐབས་དེར་རྭ་སྒྲེང་དཔོན་ཤག་ཏུ་གེ་སར་འཆམ་གྱི་འཁྲབ་ཁྲིད་ཀྱི་འགན་བཞེས་པའི་མཚོ་སྔོན་ནང་ཆེན་པ་སྟག་ཟ་ནོར་བཟང་ལགས་ཀྱི་ལག་འོག་གི་འཁྲབ་སྟོན་པ་ཚེ་དབང་རྡོ་རྗེ་རི་པ་དགོན་དུ་ཡོང་སྐབས་ཡུལ་དེའི་གྲྭ་པ་དང་མང་ཚོགས་ལ་གླིང་བྲོ་བསླངས་པས།རི་པའི་ཡུལ་དུ་གླིང་བྲོ་དར་འགོ་བརྩམས།དེ་ནས་བཟུང་ལོ་རེ་བཞིན་འཁྲབ་སྟོན་བྱས་པ་རིམ་བཞིན་གླིང་བྲོ་འཁྲབ་རྒྱུ་དེ་རྒྱུན་སྲོལ་ཞིག་ཏུ་གྱུར།རི་པ་དགོན་གྱི་གླིང་བྲོའི་ནང་དོན་ནི་༼གེ་སར་སྒྲུང་༽ཁྲོད་གླིང་གེ་སར་གྱིས་རྟ་རྒྱུག་རྒྱལ་འཇོག་ལས་རྒྱལ་ཁ་བླངས་ཤིང་གླིང་གི་རྒྱལ་པོར་གྱུར་རྗེས་གླིང་བ་ཡོངས་ཀྱིས་ཉིན་བཅུ་གསུམ་ལ་གེ་སར་ལ་བསྟོད་ཅིང་རྟེན་འབྲེལ་ཞུ་བའི་རྣམ་པ་ཡིན་སྐད།ཏང་གི་དུས་སྐབས་གསར་པའི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་སུ་སྤེལ་བ་དང་བསྟུན་ནས།རི་པ་བཀྲ་ཤིས་ཆོས་གླིང་དགོན་པ་བསྐྱར་བཞེངས་ཐུབ་པ་མ་ཟད་དགོན་པ་དེའི་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དག་ཀྱང་རིམ་བཞིན་སླར་གསོ་བྱུང་།1986ལོར་རི་པ་དགོན་པའི་ཁྲི་སྤྲུལ་སྐུ་ཕྲེང་བདུན་པ་ནམ་མཁའ་དྲི་མེད་དང་ཁོང་གི་བཟའ་མི་རྣམས་རྒྱལ་ནང་གི་ཉེ་མཚན་ཚོར་མཚམས་འདྲིར་ཕེབས་དུས།ཁོང་གིས་སྲས་མོ་བསོད་ནམས་དཔལ་འཛོམས་དང་པདྨ་བདེ་ཆེན།ཚེ་གཡང་དཔལ་མོ་གསུམ་དང་ཁོ་ཚོའི་ལག་རོགས་ཀརྨ་འཕྲིན་ལས་དབང་འདུས་སོགས་ཀྱིས་ཡུལ་དེའི་འཁྲབ་སྟོན་པ་རྒན་པ་དག་དང་ལྷན་དུ་བྱེ་མ་དང་དབྱུག་ཕུད།ཟམ་རུ་དང་ཨ་ལ་སོགས་ཀྱི་ན་གཞོན་ཕོ་མོ་དག་ལ་གླིང་བྲོ་བསླབས་ནས།རི་པ་དགོན་གྱི་གླིང་བྲོ་སྤྲོ་སྐྱིད་འཕྲུལ་གྱི་སྒྲ་དབྱངས་སླར་གསོ་བྱས།ཡུན་རིང་ལ་གར་སོང་ཆ་མེད་དུ་གྱུར་བའི་གླིང་བྲོར་སླར་མཇལ་རྒྱུ་བྱུང་བས་ཡུལ་མི་ཚོ་དགའ་སྤྲོ་ཚད་མེད་སྐྱེས།2003ལོ་རི་བོ་ཆེ་རྫོང་གི་ཆེས་ཆེ་བའི་དམངས་སྲོལ་བྱ་འགུལ་ཏེ།གྲོང་མཆོད་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དུ།སྲིད་གཞུང་གི་བཀོད་སྒྲིག་ལྟར་གླིང་བྲོ་ཚན་པ་ཁ་ཤས་འཁྲབ་སྟོན་བྱས་པར་དམངས་ཀྱི་དགའ་བསུ་ཐོབ་པ་མ་ཟད་ཐེངས་དེའི་གྲོང་མཆོད་དུས་ཆེན་རིག་རྩལ་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ།
ངོ་མཚར་བའི་འཁྲབ་སྟོན་དག་གིས་ང་དང་ཡུལ་མི་ཚོའི་མིག་དབང་གཅིག་ཅར་དུ་འཕྲོག་མྱོང་།དེའང་ལས་འབྲེལ་ཞིག་ཏེ།2011ལོར་ངས་རི་བོ་ཆེ་ཤང་དུ་དངོས་སྡོད་ཞིབ་འཇུག་བྱེད་དུས་ངོ་མཚར་བའི་གླིང་བྲོའི་རིག་གནས་འདི་ཉམས་སུ་མྱངས་པ་ཡིན།རི་པ་དགོན་གྱི་འགན་འཁུར་བས་བདག་ལ།རྒྱུན་སྲོལ་ལྟར་ན་ལོ་རེའི་ཟླ་5པའི་ཚེས་10ནས་ཚེས་11བར་གྱི་ཉིན་གཉིས་གླིང་བྲོ་འཁྲབ་སྟོན་གྱི་དུས་ཚོད་ཡིན་པ་དང་།འཁྲབ་སྟོན་པ་ནི་མཐའ་འཁོར་གྱི་ཡུལ་སྡེའི་གཞོན་ནུ་ཕོ་མོ་དང་དགོན་པའི་གྲྭ་བ་དག་ཡིན་ལ།ཁྱོན་མི་40ནས་60ཡས་མས་ཡོད།འཁྲབ་སྟོན་བྱེས་ས་དགོན་འདབས་ཀྱི་སྤང་ཐང་ཡིན་ཞེས་བཤད།སྤང་ཐང་དེ་ལྗང་ཞིང་ནེམ་ལ་མེ་ཏོག་རྣམ་པར་བཞད་པ་མ་ཟད།སྤང་ཐང་གི་མཐའ་སྐོར་དུ་ཁྱུང་ཆེན་དང་ནོར་བུ་འཁུར་བའི་རྟ་མཆོག་དཔར་བའི་ཚོན་དར་གྱིས་བསྐོར་འདུགམཐའ་སྐོར་གྱི་སྦྲ་གུར་དུ་རོལ་མོ་བ་དག་བསྟར་དུ་བསྒྲིགས་ལ།ཁོང་ཚོས་སིལ་སྙན་དང་རྔ་ཡུ་རིང་།རྒྱ་གླིང་སོགས་རོལ་ཆས་སྣ་ཚོགས་ཐོགས་ཤིང་།འཆམ་གྱི་སྟངས་སྟབས་དང་བསྟུན་ནས་ཆོས་འདོན་ཞོར་དང་རོལ་ཆས་དཀྲོལ་འབུད་བྱེད།དཀྱིལ་དུ་ཕོ་མོ་སོ་སོར་གྲལ་དུ་བསྒྲིགས་ནས་དགའ་བའི་ཞབས་བྲོ་འཁྲབ་ལ།འཁྲབ་མཁན་ཚོ་སྐབས་རེར་རྔམ་གྱིས་འཁོར་ཞིང་ཤུགས་ཀྱིས་འཁྲབ་དུས་མཇལ་བ་ཚོར་སྟོབས་ཤུགས་དང་བློ་སྤོབས་ཤིག་བསྩལ་ལ།ལན་རེར་ཞི་ཞིང་དུལ་བར་འཁྲབ་དུས་མི་རྣམས་ལ་བྱམས་བརྩེ་དང་སྙིང་རྗེ་དག་ཚོར་བར་བྱེད།འདི་ལྟར་མི་སེམས་འགུག་པའི་རོལ་དབྱངས་དང་སྙན་འཇེབས་ལྡན་པའི་ཆོས་སྒྲ་དག་རི་ལུང་དུ་བྲག་ཅར་འཁོར།མཁར་དམར་མདོ་རི་པ་དགོན་གྱི་གླིང་བྲོ་ལ་དེང་རབས་ཀྱི་ཞབས་བྲོའི་བརྗིད་ཉམས་མེད་ལ་གར་སྟེགས་ཀྱི་མཛེས་བཟོའང་མེད་མོད།དེའི་སྟབས་བདེ་ཞིང་བབ་ཆགས་པའི་འཁྲབ་སྟོན་གྱིས་ཡུལ་མི་ཚོའི་ཡིད་ཀྱི་དང་བ་དབང་མེད་དུ་འགུག་བཞིན་ཡོད། 2011ལོའི་འཁྲབ་སྟོན་གྱི་ཉིན་དེར་ཆར་བ་འབབ་བཞིན་ཡོད་ནའང་མཇལ་བ་སྔར་བཞིན་མང་སྟེ།ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་མཇལ་བ་ཚོ་ས་ལ་བསྡད་ནས་བློ་གཅིག་སེམས་གཅིག་གིས་གེ་སར་གྱི་འཆམ་ལ་མཇལ་བཞིན་འདུགམཁར་དམར་མདོ་ཞིང་སྲིད་གཞུང་གི་གཞི་རིམ་གྱི་ལས་བྱེད་པ་རྒན་པ་ཞིག་གིས་བདག་ལ།ལོ་ལྟར་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཇལ་བ་དང་ཚོང་བ་དག་འཁྲབ་སྟོན་མ་བྱས་པའི་ཉིན་གསུམ་བཞི་ཙམ་གྱི་སྔོན་ནས་འདིར་འོང་ཞིང་།སྤང་ཐང་ནས་ཁ་དོག་རྣམ་པར་བཀྲ་བའི་གུར་ཕུབས་ནས་དབྱར་གཞུང་སྤྲོ་འཚོགས་འདིར་སྒུག་གི་ཡོད།སྐབས་འདིར་དབྱར་རྩྭ་དགུན་འབུ་བསྐོ་མཚམས་བཞག་མ་ཐག་ཡིན་པས་མི་ཚོའི་ལག་ན་དངུལ་ཡོད་དུས་ཡིན་ལ།ཚོང་བ་དག་གིས་གོ་སྐབས་འདི་དམ་འཛིན་གྱིས་དུས་རྒྱུན་བག་ལ་ཞ་བའི་ཡུལ་གྲུ་འདིར་འོངས་ནས་རྒྱུན་སྤྱོད་ཚོང་ཟོང་དང་ཞིང་ལས་ཡོ་བྱད།མི་རིགས་ཀྱི་རྒྱན་གོས།ཡུལ་འདིའི་ཁྱད་རྫས་དབྱར་རྩྭ་དགུན་འབུ་དང་གཡང་གྲོ་ལྟ་བུ་སྨན་རྩྭ་རྩ་ཆེན་བཅས་ཚོང་ཟོག་སྣ་ཚོགས་བཤམས་པས།རྩེད་རིག་དང་ཚོང་ར་གཞི་གཅིག་ཏུ་གྱུར་ནས་གྲ་རྒྱས་ཕུན་ཚོགས་ཀྱི་རྣམ་པ་ཞིག་གྲུབ་ཡོང་ལ།འཕྲུལ་རྟ་དང་མོར་ཆུང་།རྒྱས་སྤྲོས་རླངས་འཁོར་སོགས་དང་མཇལ་བ་ཁྲི་ཕྲག་གིས་ཚོང་ར་ཡོངས་སུ་གང་བར་བྱེད་པས།ནམ་རྒྱུན་ཁུ་སིམ་མེར་གནས་པའི་རྩྭ་ཐང་འདིའང་ཉིན་འདི་དག་ལ་འདུ་འཛིས་ཁེངས་འགྲོ་ཟེར།
ད་ཆ།མཁར་དམར་མདོའི་གླིང་བྲོ་ལོ་རེར་འཁྲབ་སྟོན་ཐེངས་གཉིས་རེ་བྱེད་བཞིན་ཡོད།ཐེངས་དང་པོ་ལོ་རེའི་ཟླ7པའི་ནང་སྟེ་བོད་ལུགས་ཀྱི་ལོ་རེའི་ཟླ་5པའི་ཚེས་10ཉིན་མཁར་དམར་མདོ་སྣ་ལུང་སྲིད་འཛིན་སྡེ་བར་འཁྲབ་སྟོན་བྱེད་པ་དང་།ཐེངས་གཉིས་པ་ནི་ལོ་རེའི་ཟླ9པའི་ནང་མཁར་དམར་མདོའི་རུ་སྦྲ་ནག་འཁྲབ་སྟོན་བྱེད།གླིང་བྲོ་དུས་ནམ་ཞིག་ལ་ཡུལ་གང་དུ་འཁྲབ་སྟོན་བྱས་ཀྱང་རུང་ཏེ།མཁར་དམར་མདོ་རུ་གླིང་བྲོ་འདི་མི་དམངས་ཀྱི་དགའ་བསུ་ཐོབ་པའི་རིག་གནས་འཁྲབ་ཚན་ཞིག་ཏུ་གྱུར་ཡོད།མིག་སྔར་ཆབ་མདོ་ས་ཁུལ་གྱིས་སྔོག་འདོན་གྱི་རྨང་གཞིའི་སྟེང་དམངས་ཁྲོད་རིག་གནས་འདི་དངོས་མིན་རིག་གནས་ཤུལ་བཞག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད།
ཡངས་ཤིང་རྒྱ་ཆེ་བའི་ཆབ་མདོའི་ཡུལ་གྲུ་ཀུན་གེ་སར་དང་འབྲེལ་ཡོད་ཀྱི་ཤུལ་རྙིང་དང་གཏམ་རྒྱུད་ཀྱིས་ཁྱབ་ལ།༼གེ་སར་སྒྲུང་༽གི་རིག་གནས་རྒྱུན་འཛིན་བྱེད་སྟངས་སྒྲུང་བཤད་པའི་རྣམ་པ་རྐྱང་བ་ཙམ་མ་ཡིན་པར།ཡུལ་ལྗོངས་ཀྱི་བཀོད་པའི་ངག་རྒྱུན་དང་།དམངས་གླུ།དོན་བརྗོད་སྙན་ངག་གཏམ་དཔེ།བསྟོད་ཚིག་དང་བརྐོས་རིས།རི་མོ་དང་ཟློས་གར།དགོན་པའི་འཆམ་དང་མཆོད་པ་སོགས་བོད་དམངས་ཁྲོད་ཀྱི་རིག་གནས་རྣམ་པ་མང་པོ་དང་འབྲེལ་བ་དམ་ཟབ་ཡོད་པས།ཁམས་ཀྱི་རིག་གནས་ཁྲོད་མཆོག་གྱུར་དང་ངོ་མཚར་གྱི་གེ་སར་རིག་གནས་ཀྱི་རྣམ་པ་འདི་གྲུབ།བོད་ཤར་ཕྱོགས་ཀྱི་ཡུལ་གྲུ་ཀུན་དུ་གེ་སར་དང་ཁོང་གི་གཏམ་རྒྱུད་ཀྱིས་གང་ཡོད་དེ།ཡུལ་དེའི་མི་སུ་ཡིན་ཡང་གེ་སར་གྱི་སྒྲུང་བྱང་ཆ་ལྡན་པ་རེ་བཤད་ཐུབ་ཀྱི་ཡོད།རི་བོ་ཆེ་མཁར་དམར་མདོ་ཤང་གིས་གླིང་བྲོ་ཡི་རྣམ་པས་གེ་སར་དང་འབྲེལ་བ་ཡོད་པའི་ཡུལ་ལྗོངས་དང་ཤུལ་དངོས་སོགས་རྒྱུན་འབྱམས་སུ་བཏང་བ་དེས་ཁམས་ཕྱོགས་སུ་༼གེ་སར་སྒྲུང་༽བྱུང་བ་དང་དེ་རྒྱུན་འཛིན་བྱེད་པ་ལ་ལོ་རྒྱུས་ཀྱི་རྨང་གཞི་བཏིང་ལ།འདི་ནི་བོད་མི་དམངས་རྣམས་ཀྱི་དུས་ཡུན་རིང་བོའི་མི་ཚེའི་རིན་ཐང་དང་ཕུགས་བསམ།བསམ་བློའི་གོ་རྟོགས་སོགས་རིག་གནས་ཀྱི་རྒྱུ་རྐྱེན་མང་པོའི་མངོན་སྟངས་ཤིག་ཀྱང་ཡིན།མི་རིགས་རིག་གནས་ཀྱི་བྱ་གཞག་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་བསྟུན་མཁར་དམར་མདོའི་གླིང་བྲོ་ཡི་ཁྱད་ཆོས་འབུར་དུ་ཐོན་ཞིང་།མཐའ་མར་བོད་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་ནོར་བུ་རུ་འགྱུར་བར་གདོན་མི་ཟའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1