༄༅།། གན་རྒྱ་ཡ་མ་གཟུགས་ལ་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ནམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  དཔེ་མཚོན།

  2013ལོའི་ཟླ་2པར། ཀླུ་བྱམས་ཀྱིས་བར་སྨྱན་ཀུང་ཟིའི་མཚམས་སྦྱོར་འོག་ཚེ་རིང་རྒྱལ་གྱི་སྡོད་ཁང་ཞིག་བློ་ལ་བབས། ཕྱོགས་གཉིས་ཀས་མཇུག་མཐར་སྒོར་ཁྲི་80ཡི་རིན་གོང་གིས་ཉོ་ཚོང་རྒྱག་རྒྱུའི་ཐག་བཅད། གྲོས་མཐུན་བྱུང་རྗེས། ཀླུ་བྱམས་ཀྱིས་བར་སྨྱན་ཀུང་ཟི་ལ་དཔྱ་ཁྲལ་གཡོལ་ཏེ་ཁོའི་ཉོས་རིན་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན། དེ་ནས་ཕྱོགས་གཉིས་ཀས་སྡོད་ཁང་ཉོ་ཚོང་གི་གན་རྒྱ་བཞག་པ་དང་། དཔྱ་ཁྲལ་ལ་གཡོལ་ཆེད་གན་རྒྱའི་སྟེང་སྡོད་ཁང་གི་རིན་གོང་སྒོར་ཁྲི་60དང་། འཕྲོ་མའི་སྒོར་ཁྲི་20བོ་དེ་ཐོན་དབང་གི་འགྲོ་རིམ་བསྒྲུབ་པའི་ཉིན་དེར་ཁང་བདག་ཚེ་རིང་རྒྱལ་གྱི་ལག་ཏུ་འབྱོར་དུ་འཇུག་རྒྱུའི་ཁ་ཆད་བཞག དེའི་རྗེས་སུ་བར་སྨྱན་ཀུང་ཟི་དང་ཀླུ་བྱམས། ཚེ་རིང་རྒྱལ་བཅས་ཀྱིས་ཁ་ཆད་ལྟར་སྒོར་ཁྲི་60ཡི་སྟེང་ནས་ཁང་བའི་དུད་ཐོ་ཀླུ་བྱམས་ཀྱི་མིང་ཐོག་ཏུ་བསྒྱུར། དུད་ཐོ་བསྒྱུར་ཚར་རྗེས། ཀླུ་བྱམས་ཀྱིས་དཔལ་འབྱོར་ཐད་དཀའ་ཁག་བྱུང་བར་ཁ་གཡར་ཏེ་འཕྲོ་མའི་སྒོར་ཁྲི་20བོ་དེ་སྤྲོད་མི་ཐུབ་པར་བཤད་པ་དང་། མཇུག་མཐར་ཁ་རྩོད་ཐེངས་མང་བྱས་རྗེས། ཀླུ་བྱམས་ཀྱིས་བར་སྨྱན་ཀུང་ཟིའི་བདེན་དཔང་འོག་སྒོར་ཁྲི་20ནང་གི་ཁྲི་10བྱིན་པ་དང་། ཡང་འཕྲོ་མའི་ཁྲི་10ཟླ་གཉིས་ཀྱི་ནང་དུ་སྟེར་རྒྱུ་ཁས་བླངས། དེའི་རྗེས་སུ་ཀླུ་བྱམས་ཀྱིས་སྔར་བཞིན་འཕྲོ་མའི་སྒོར་ཁྲི10བོ་དེ་མ་བྱིན་པ་རེད། དེའི་རྐྱེན་གྱིས་ཚེ་རིང་རྒྱལ་གྱིས་ཀླུ་བྱམས་ཁྲིམས་ཁང་ལ་གཏུགས་ཏེ། སྒོར་ཁྲི་10ཡི་ཁང་རིན་དང་དེའི་སྐྱེད་ཀ་དང་བཅས་པ་སྟེར་དགོས་པའི་རེ་བ་བཏོན།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  གན་རྒྱའི་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། བསམ་བཞིན་དུ་ངན་འབྲེལ་བྱས་ཏེ། རྒྱལ་ཁབ་དང་ཐུན་མོང་། ཡང་ན་མི་གཞན་པ་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གན་རྒྱ་ནི་ནུས་མེད་ཡིན་པ་གཏན་ཁེལ་བྱས་ཡོད། གན་རྒྱ་ཡ་མ་གཟུགས་བཞག་པ་དང་རིན་གོང་རྫུན་བཟོ་བྱས་ཏེ་རྒྱལ་ཁབ་ཀྱི་དཔྱ་ཁྲལ་ལ་གཡོལ་བ་དང་། རྒྱལ་ཁབ་ཀྱི་ཁྲལ་བསྡུ་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གན་རྒྱ་འདིའི་རིགས་ནི་ནུས་མེད་ཡིན།

  བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། ནུས་མེད་ཀྱི་གན་རྒྱར་བཅའ་ཁྲིམས་ཀྱི་གཅུན་ནུས་མེད་མོད། འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི། རང་ཉིད་ཀྱི་ཚུལ་མིན་བྱ་སྤྱོད་དབང་གིས་མི་ཁ་ཤས་ལ་ཡོང་སྒོ་བསྐྲུན་པ་གཏན་འགོག་དང་ཉོ་ཚོང་བདེ་བླག་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུའི་ཆེད་དུ། ཁྲིམས་འཛིན་ལག་ལེན་ཁྲོད་དུ་སྤྱིར་བཏང་གིས་སྡོད་ཁང་ཉོ་ཚོང་གི་གན་རྒྱའི་ཁྲོད་ཀྱི་དཔྱ་ཁྲལ་ལ་གཡོལ་བ་དང་འབྲེལ་བའི་རིན་གོང་གི་དོན་ཚན་དེ་ནི་ནུས་མེད་ཡིན་པར་ངོས་འཛིན་དགོས་མོད། འོན་ཀྱང་ནང་དོན་གཞན་པའི་ནུས་པར་གནོད་པ་མེད་པས། ཕྱོགས་གཉིས་ཀས་སྔར་བཞིན་གན་རྒྱའི་ཁ་ཆད་ལྟར་འབྲེལ་ཡོད་འོས་འགན་འཁུར་དགོས་སོ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1