༄༅།། ཟ་མ་ཟ་བའི་སྐབས་སུ་མི་ལུས་ལ་གནོད་འཚེ་ཐེབས་ན་རང་ཉིད་ཀྱི་ཁེ་དབང་ཇི་ལྟར་སྲུང་དགོས་སམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  ད་ལྟ་ཡང་ལོ་མཇུག་ལ་ཐོན་ཟིན་པས། གསོལ་སྟོན་མང་བའི་དུས་ལ་ཐོན་ཡོད། འཛད་སྤྱོད་པས་ཕྱི་རོལ་ཏུ་ཟ་མ་བཟའ་བའི་སྐབས་སུ་ཉེན་ཁ་གང་དག་འབྱུང་སྲིད་པ་དང་། ཉེན་ཁར་འཕྲད་པའི་སྐབས་སུ། འཛད་སྤྱོད་པས་རང་ཉིད་ཀྱི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་ཇི་ལྟར་བྱ་དགོས་སམ་ཞེ་ན། གཤམ་དུ་དཔེ་མཚོན་འགའ་དང་སྦྱར་ཏེ། འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་ཅིག་བྱས་ཡོད།

  ཟ་ཁང་དུ་ཐང་ལ་འགྱེལ་ན་འགན་འཁྲི་སུས་འཁུར་དགོས་སམ།

  དཔེ་མཚོན།

  2013ལོའི་ཟླ7པར། འཇམ་དབྱངས་སྐྱིད་གྲོགས་པོ་ཞིག་གི་གཉེན་སྟོན་ལ་ཞུགས། ཉིན་དེར་འཇམ་དབྱངས་སྐྱིད་ཀྱིས་ལུས་ལ་བོད་ལྭ་གྲལ་དག་ཅིག་གོན་ཞིང་རྐང་མགོར་ལྷམ་རྟིང་མཐོ་ཞིག་གོན་ནས་སོང་།

  གཉེན་སྟོན་མཇུག་རྫོགས་རྗེས། འཇམ་དབྱངས་སྐྱིད་གྲོགས་མོ་འགའ་དང་མཉམ་དུ་ཟ་ཁང་ནས་སྒོར་འབུད་སྐབས། སྟབས་མ་ལེགས་པར་ཐང་ལ་འགྱེལ་ཏེ་རྐང་བའི་པུས་མོར་རུས་ཆག་བཟོས། རྐྱེན་དེའི་དབང་གིས་འཇམ་དབྱངས་སྐྱིད་ཟླ་ངོ་གཉིས་ལྷག་ལ་ལས་ཀར་འགྲོ་མ་ཐུབ་པས། ཁོ་མོ་ཁོང་ཁྲོས་མ་བཟོད་པར་ཟ་ཁང་དེ་ཁྲིམས་ཁང་ལ་གཏུགས།མོའི་སེམས་སུ་ཉིན་དེར་ཟ་ཁང་གི་མཐིལ་ཤིང་རློན་པ་ཡིན་མོད། འོན་ཀྱང་ལས་བྱེད་པས་དུས་ལྟར་ཁོ་ཚོར་དྲན་སྐུལ་མ་བྱས་པའི་དབང་གིས་རང་ཉིད་ཤུད་དེ་ཐང་ལ་འགྱེལ་ཞིང་རྨས་སྐྱོན་ཕོག་ཏུ་བཅུག་པ་ཡིན་པས། ཟ་ཁང་གིས་འགན་འཁྲི་འཁུར་དགོས་པར་འདོད། དེའི་རྐྱེན་གྱིས་སྨན་བཅོས་གྲོན་དངུལ་དང་ལས་ཆག་གྲོན་དངུལ། བསམ་བློའི་གྱོང་གུན་སོགས་བསྡོམས་པས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་པར། ཁྲིམས་ཁང་གིས་མཇུག་མཐར་ཟ་ཁང་གིས་འཇམ་དབྱངས་སྐྱིད་ལ་སྨན་བཅོས་གྲོན་དངུལ་དང་འགྲིམ་འགྲུལ་གྲོན་དངུལ། ལས་ཆག་གྲོན་དངུལ་སོགས་སྒོར3045ཡི་སྐྱིན་ཚབ་འཇལ་དགོས་པ་ལྟར་ཐག་བཅད།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་ལུས་ལ་གནོད་འཚེ་ཐེབས་པར་སྐྱིན་ཚབ་ལེན་པའི་གྱོད་དོན་བདག་སྤྲོད་བྱེད་སྐབས་སྤྱོད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད།》གྱི་དོན་ཚན6པའི་ནང་སྡོད་ཁང་དང་བཟའ་བཏུང་། རོལ་རྩེད་སོགས་ཀྱི་བདག་གཉེར་བྱ་འགུལ་དང་ཡང་ན་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་དག་ལ་ཞུགས་ཀྱིན་པའི་རང་བྱུང་མི་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ལུགས་མཐུན་ཁྱབ་ཁོངས་ནང་གི་བདེ་འཇགས་འགན་སྲུང་འོས་འགན་མ་ཁུར་པའི་དབང་གིས་མི་གཞན་གྱི་མི་ལུས་ལ་གནོད་འཚེ་ཐེབས་པ་དང་། གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་ཀྱི་སྤྲོད་འགན་འཁུར་དགོས་པའི་རེ་འདུན་བཏོན་ན། མི་དམངས་ཁྲིམས་ཁང་གིས་དེ་ལ་རྒྱབ་སྐྱོར་བྱ་དགོས་པ་གཏན་ཁེལ་བྱས་ཡོད། ཞུ་སྦྱོར་སྔ་མ་བ་དེ་ཞུ་སྦྱོར་ཕྱི་མ་བའི་ཟ་ཁང་ནང་དུ་ཐང་ལ་འགྱེལ་བ་དང་། ཞུ་སྦྱོར་ཕྱི་མ་བ་ནི་ཟ་ཁང་གི་བདག་གཉེར་པ་ཡིན་པའི་དབང་གིས།བདག་གཉེར་དང་དོ་དམ་བྱས་པའི་གོ་རིམ་ཁྲོད། ཁོས་ལུགས་མཐུན་ཁྱབ་ཁོངས་ནང་གི་བདེ་འཇགས་འགན་སྲུང་འོས་འགན་མ་ཁུར་པར་ཞུ་སྦྱོར་སྔ་མ་བའི་མི་ལུས་ལ་གནོད་འཚེ་ཐེབས་སུ་བཅུག་པ་རེད། དེའི་རྐྱེན་གྱིས་ཞུ་སྦྱོར་ཕྱི་མ་བས་ཞུ་སྦྱོར་སྔ་མ་བའི་ལུགས་མཐུན་གྱོང་གུན་ལ་སྐྱིན་ཚབ་ངེས་ཅན་ཞིག་འཁུར་དགོས་མོད། འོན་ཀྱང་འཇམ་དབྱངས་སྐྱིད་ཀྱིས་ཁོ་མོ་ཐང་ལ་འགྱེལ་སྐབས་ཟ་ཁང་གི་མཐིལ་ཤིང་རློན་པ་ཡིན་པའི་དབང་གིས་ཁོ་མོ་ཐང་ལ་འགྱེལ་བའི་བདེན་དཔང་གང་ཡང་འདོན་སྤྲོད་བྱེད་མ་ཐུབ་པས། ཁྲིམས་ཁང་གིས་དེའི་ཐད་ལ་ཁ་ཡ་མ་བྱས་པ་རེད། འཇམ་དབྱངས་སྐྱིད་ནི་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་འཛོམས་པའི་མི་ཞིག་ཡིན་པས། རང་ཉིད་ཀྱི་བདེ་ཐང་དང་ཟ་ཁང་གི་ཁོར་ཡུག་ལ་ངོས་ཟིན་ངེས་ཅན་ཞིག་ཡོད་ངེས་ལ། རང་ཉིད་ཀྱིས་མཉམ་འཇོག་མ་བྱས་པའི་དབང་གིས་ཐང་ལ་འགྱེལ་བ་ཡིན་པས། མོ་རང་ཉིད་ཀྱིས་འགན་འཁྲིའི་ཆ་ཤས་འཁུར་དགོས། དེའི་རྐྱེན་གྱིས་མཇུག་མཐར་ཟ་ཁང་གིས70%ཡི་འགན་འཁྲི་དང་མོ་རང་ཉིད་ཀྱིས30%ཡི་འགན་འཁྲི་འཁུར་པ་ལྟར་ཐག་བཅད། ཁྲིམས་དཔོན་གྱིས་དྲན་སྐུལ་བྱེད་ཀྱིན་པ་སྟེ།ཟ་མ་བཟའ་བའི་སྐབས་སུ་ཐེབས་པའི་མི་ལུས་གནོད་འཚེ་མང་ཆེ་བ་ནི་ཟ་ཁང་གིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་ཁུར་པའི་དབང་གིས་བཟོས་པ་ཡིན་མོད། འོན་ཀྱང་མི་རང་ཉིད་ཀྱིས་ཀྱང་མཉམ་འཇོག་བྱས་པའི་འོས་འགན་འཁུར་དགོས་པར་མ་ཟད། གནོད་འཚེ་ཐེབས་རྗེས་དུས་ལྟར་བདེན་དཔང་ཉར་ཚགས་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཐུབ་བོ།།

  ཟས་དུག་ཕོག་ན་ཟ་ཁང་གིས་འགན་འཁྲི་འཁུར་དགོས་སམ།

  དཔེ་མཚོན།

  2014ལོའི་ཟླ4པའི་ཚེས23ཉིན་གྱི་ཉིན་གུང་། སྒོམ་པ་ཐར་གྱིས་ཟ་ཁང་ཞིག་ནས་ཟ་མ་ཟོས་པ་དང་། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་ཁོར་མགོ་ཡོམ་འཁོར་ཞིང་སྐྱུག་མིར་ལངས་པ་སོགས་ཟས་དུག་ཕོག་པའི་ནད་རྟགས་བྱུང་། མྱུར་དུ་སྨན་ཁང་དུ་སོང་ནས་མྱུར་སྐྱོབ་བྱས་པ་ན་དོས་དྲག་ཟས་དུག་ཕོག་པར་ངོས་འཛིན་བྱས། སྨན་ཁང་ནས་སྒོར་བུད་རྗེས་ཀྱི་དུས་ཡུན་རིང་པོ་ཞིག་ལ་སྒོམ་པ་ཐར་གྱི་ནད་རྟགས་དེ་དག་ད་རུང་མ་ཡལ་བར་རྒྱུན་དུ་སྐྱུག་མིར་ལངས་པས། རྒྱུན་ལྡན་གྱི་འཚོ་བ་དང་བྱ་བར་གནོད་འཚེ་མང་པོ་བཟོས།སྒོམ་པ་ཐར་གྱི་སེམས་སུ་ཟ་ཁང་ནི་ཟས་རིགས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ས་ཡིན་པའི་ཆ་ནས། ངོ་བོ་འགྱུར་ཟིན་པའི་ཟས་རིགས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་ལས་ཁོའི་མི་ལུས་བདེ་ཐང་ལ་གནོད་འཚེ་བཏང་བ་ཡིན་པས་སྐྱིན་ཚབ་སྤྲོད་འགན་འཁུར་འོས་པར་འདོད། དེ་བས་ཁོས་ཟ་ཁང་དེ་ཁྲིམས་ཁང་ལ་གཏུགས་ནས་ཁོའི་ལས་ཆག་གྲོན་དངུལ་དང་ནད་གཡོག་གྲོན་དངུལ།བསམ་བློའི་གྱོང་གུན་སོགས་བསྡོམས་པས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན།

  ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་བ་ཟ་ཁང་གིས་ཞུ་སྦྱོར་ཕྱི་མ་བ་སྒོམ་པ་ཐར་ལ་སྨན་ཁང་དུ་བསྡད་སྐབས་ཀྱི་ཟས་རིན་དང་ལས་ཆག་གྲོན་དངུལ། བསམ་བློའི་གྱོང་གུན་སོགས་བསྡོམས་པས་སྒོར5020.9ཡི་སྐྱིན་ཚབ་འཇལ་དགོས་པ་ལྟར་ཐག་བཅད།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམསཀྱི་དོན་ཚན35པའི་ནང་དུ་འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གྱོང་གུན་མི་ཐེབས་པའི་དབང་ཆ་ཡོད་པ་དང་། བདག་གཉེར་མཁན་གྱིས་རང་ཉིད་ཀྱིས་འདོན་སྤྲོད་བྱེད་ཀྱིན་པའི་ཚོང་རྫས་དང་ཡང་ན་ཞབས་ཞུ་དེ་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་བླང་བྱ་དང་མཐུན་པར་ཁག་ཐེག་བྱ་དགོས་པ་གཏན་ཁེལ་བྱས་ཡོད། ཕྱིར་འཚོང་མཁན་གྱིས་སྐྱིན་ཚབ་འཇལ་རྗེས།ཐོན་སྐྱེད་མཁན་དང་ཡང་ན་ཐོན་རྫས་འདོན་སྤྲོད་བྱེད་མཁན་གྱི་ཕྱིར་འཚོང་མཁན་གཞན་པའི་འགན་འཁྲི་ཡིན་ན། ཐོན་སྐྱེད་མཁན་དང་ཕྱིར་འཚོང་མཁན་གཞན་དག་ལ་སྐྱིན་ཚབ་དེད་ཆོག འཛད་སྤྱོད་པ་དང་ཡང་ན་གནོད་འཚེ་ཐེབས་མཁན་གཞན་དག་ལ་ཚོང་རྫས་ཀྱི་སྐྱོན་ཆའི་དབང་གིས་མི་ལུས་དང་རྒྱུ་ནོར་ཐད་གནོད་འཚེ་ཐེབས་ན།ཕྱིར་འཚོང་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག་ལ། ཐོན་སྐྱེད་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་བཏོན་ནའང་ཆོག ཐོན་སྐྱེད་མཁན་གྱི་འགན་འཁྲི་ཡིན་ན། ཕྱིར་འཚོང་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཐོན་སྐྱེད་མཁན་གྱི་ལག་ནས་སྐྱིན་ཚབ་ལེན་དགོས་པ་དང་། ཕྱིར་འཚོང་མཁན་གྱི་འགན་འཁྲི་ཡིན་ན། ཐོན་སྐྱེད་མཁན་གྱིས་སྐྱིན་ཚབ་འཇལ་རྗེས། ཕྱིར་འཚོང་མཁན་གྱི་ལག་ནས་སྐྱིན་ཚབ་བླངས་ཆོགདེའི་རྐྱེན་གྱིས་གནོད་འཚེ་དེ་སུས་བཟོས་པ་ཡིན་རུང་། ཟ་ཁང་ནི་ཕྱིར་འཚོང་མཁན་ཡིན་པའི་ཆ་ནས་སྔར་བཞིན་འཛད་སྤྱོད་པར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1